[A:༡༤༠བ]བཞུགས་པའི་ངང་ནས་འཕགས་པ་རིན་པོ་ཆེའི་གཤེགས་རྫོང་ལ་ཆོས་འཁོར་ཆེན་པོ་ཞིག་མཛད། དེ་གྲུབ་མ་ཐག་དགུང་ལོ་ཉེར་གཅིག་བཞེས་པའི་ཚེ་མི་ཆེན་ཨ་བུས་གདན་དྲངས་ནས་གོང་ལ་ཕེབས། འདིར་སྐུ་གཤེགས་པའི་ལུགས་སུ་བྱས་པས། ཞུས་སྟབས་འགའ་ཞིག་གི་དབང་གིས། གོང་མས་ཀྱང་རེ་ཞིག་བརྟག་དགོས་པས་སྨན་རྩེར་རྒྱུག་གསུངས་པ་དང་། སྨན་རྩེའི་ཡུལ་ཕྱིའི་རྒྱ་མཚོའི་ལག་ཆུ་འཇམ་ཆེན་པོ་ཉི་ཤུ་རྩ་གྲངས་བསྒྲལ་བ་ཟོ་ཆུ་ཟེར་བའི་མཁར་མིག་ཆེན་པོར་བཞུགས། ཡང་དེ་ནས་ལུང་གི་འཇལ་ལམ་བདུན་བགྲོད་པ་ན་ཧམ་ཆུ་ཟེར་བའི་མཁར་མིག་ཆེན་པོར་བཞུགས། དེ་ནས་འཇལ་ལམ་བཅུ་བགྲོད་པ་ན་རི་བོ་པོ་ཏ་ལ་ཡོད་ཟེར་བ་དེར་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་བཞུགས་པས། རྒྱ་མོ་གཅིག་ལ་སྲས་ཤིག་འཁྲུངས་ཤིང་། དཔོན་ཆེན་ཀུན་དགའ་འོད་ཟེར་དུ་གྲགས་པ་ཉེ་གནས་ཁམས་པས་ཞབས་ཏོག་གི་མཐིལ་བྱས། དེའི་དུས་སུ་ཡང་རྒྱལ་པོའི་ལུང་ལྕི་མོ་བྱུང་དོགས་པས་སྒྲོལ་མ་ལ་གསོལ་བ་འདེབས་པ་ལ་འབད་པས། ནང་གཅིག་ཉི་མ་ཤར་བ་ན་རྒྱ་མཚོའི་མཐའ་ན་པདྨའི་སྡོང་པོ་ཅིག་གི་སྟེང་ན་རྗེ་བཙུན་མ་སྒྲོལ་མས་ཞལ་དངོས་སུ་བསྟན། ཕྱག་གཡས་བླ་མའི་སྤྱི་གཙུག་ཏུ་སྐྱབས་སྦྱིན་གྱི་ཚུལ་དུ་མཛད་དེ། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་གསུངས་ཤིང་ལུང་བསྟན་དབུགས་དབྱུང་། དེའི་ཚེ་བདག་ཉིད་ཆེན་པོ་འདི་དགུང་ལོ་ཉེར་བདུན་བཞེས་པའི་དུས་སུ་དྷརྨ་པཱ་ལ་སྐུ་གཤེགས་ནས། གདན་ས་