R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༩བ
[A:༡༣༩བ]པོ་ཡང་ཤིན་ཏུ་མཉེས་ཏེ་དད་པར་གྱུར། དེ་ནས་བླ་མ་ཆེན་པོ་འཕགས་པའི་གདུང་རིང་བསྲེལ་བཞུགས་པའི་ནང་རྟེན་ཤེལ་གྱི་མཆོད་རྟེན་ཆེན་པོ་བཞེངས། ལོ་ལྔའི་བར་མེ་ཏོག་ར་བར་བཞུགས་ནས་ཤེལ་གྱི་མཆོད་རྟེན་དེ་བཞུགས་པའི་གནས་གཙུག་ལག་ཁང་ཆེན་པོ་ཡང་བཞེངས། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། སླར་བོད་དུ་གདན་བཏེག་སྟེ་མདོ་ཁམས་སུ་ཕེབས་པ་ན། དགུང་ལོ་ཉི་ཤུ་པ་མེ་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅོ་བརྒྱད་ལ་མདོ་ཁམས་པྲེ་མཎྜལ་ཞེས་བྱ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །བླ་མ་དེ་ལ་གདུང་བརྒྱུད་རིན་པོ་ཆེ་ཆད་དོགས་པས་ཞུ་བ་ནན་གྱིས་ཕུལ་བ་ན་བཙུན་མོ་གཉིས་བཞེས་པའི་རྒྱལ་པོ་ཇི་བིག་ཐི་མུར་གྱི་སྲས་མོ་དཔལ་ལྡན་བྱ་བ་ལ་སྲས་མ་བྱུང་ནས། ཇོ་མོ་སྟག་འབུམ་ཁབ་ཏུ་བཞེས་པ་ལས་སྲས་རཏྣ་བྷ་དྲ་ཞེས་བྱ་བ་འཁྲུངས་ཀྱང་གཞོན་ནུ་དགུང་ལོ་ལྔ་བཞེས་པའི་དུས་སུ་སྐུ་གཤེགས་ཏེ། དེའི་དུས་སུ་ཡོངས་སུ་གྲགས་པའི་གདུང་བརྒྱུད་མེད་པ་ལྟ་བུར་གྱུར་ནས། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པས་ས་སྐྱའི་ཞལ་བདག གསེར་ཐོག གཡུ་ཐོག་རྣམས་དང་། ལྷ་ཁང་ཆེན་མོའི་གནམ་རྒྱན། མཆོད་ཆ། ཐིགས་ཁང་ལ་ཡོ་གའི་དཀྱིལ་འཁོར་གྲངས་མེད་བཞེངས་པ། བདག་ཉིད་ཆེན་པོས་སློབ་གཉེར་དབུ་འདོན། རྒྱལ་པོའི་བླ་མ་ལ་སོགས་པ་མཛད་དགོས་བྱུང་བ་རྣམས་དེ་དུས་སུ་བྱུང་བར་གྲགས་ཏེ། དེ་ཡང་ཟངས་ཚ་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་དེས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བརྒྱད་འཁྲུངས་པའི་ནང་ནས་འགྲོ་མགོན་ཕྱག་ན་ལ། དྷརྨ་པཱ་ལ། དེ་ལ་རཏྣ་བྷ་དྲ་