R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༡བ
[A:༡༤༡བ]དང་། འདིར་ཕེབས་ནས་ཀྱང་བདག་ཉིད་ཆེན་པོ་ཐུགས་སྦྱོང་མཛད་པའི་རིང་ལ་ལོ་བཅོ་བརྒྱད་ཀྱི་བར་ལ་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་རྣམས་དང་། མཛད་པའི་འཕྲིན་ལས་མི་མཚུངས་པ་མེད་པ་ཤར་པ་འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་ཞེས་གྲགས་པ་དེས་གདན་སའི་འཁུར་བཞེས་མཛད་པ་ཡིན་ལ། དེ་ལྟར་གདན་ས་བུ་ཆེན་ལ་གཏད་དེ་ཕྱག་ནའི་སྲས་དྷརྨ་པཱ་ལ་སྐུ་གཤེགས། ཡེ་འབྱུང་གི་སྲས་བདག་ཉིད་ཆེན་པོ་རྒྱ་ཡུལ་དུ་བཞུགས་ནས་ས་སྐྱ་པ་རང་གི་གདུང་བརྒྱུད་དངོས་ཀྱི་གདན་ས་འཛིན་མཁན་མེད་པ་ལྟ་བུར་གྱུར་ཏེ་ཅུང་ཟད་ཉག་ཕྲ་བ་ཙམ་བྱུང་བའི་དུས་དེ་ཉིད་ཀྱི་ཚེ་ཡར་འབྲོག་གི་དཔོན་ཆེན་ཨག་གླེན་གྱིས་སེམས་ཀྱིས་མ་བཟོད་ནས་དོ་དམ་ཆེར་མཛད། དེའི་གྲོགས་ཁམས་པ་དབོན་ནག་ཅེས་བྱ་བས་ཀྱང་བྱས། ས་སྐྱའི་བཀའ་བགྲོས་པ་ལ་གྲོས་བསྡུར་ཏེ། ཏི་ཤྲཱི་གྲགས་པ་འོད་ཟེར་དུ་གྲགས་པ་གོང་ན་བཞུགས་ཡོད་པ་ལ་ཞུ་ཡིག་བྱས་པས། དེའི་གྲོགས་ཉི་ལྡེ་བ་གུག་ཤྲཱི་ཤེས་རབ་དཔལ་དང་། མི་ཆེན་ཨོ་བུས་བྱས་ནས། གོང་མ་རྒྱལ་པོ་ལ་ཡང་ཡང་ཞུས་དེའི་རྒྱུ་དང་། སྐབས་ཤིག་ཏུ་དྷརྨ་པཱ་ལའི་གདུང་ཐམས་ཅད་རིང་བསྲེལ་དུ་སོང་བ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ངོ་མཚར་སྐྱེས་ནས། ངའི་བླ་མའི་དབོན་པོ་ཡིན་པ་ཙམ་གྱིས་ཆོག་པ་འདུག་པ་ལ་ད་དབོན་པོ་མེད་གསུངས་ནས་སྤྱན་ཆབ་མཛད་པ་ལ། བླ་ཆེན་གྲགས་པ་འོད་ཟེར་དང་། དམ་པ་ཏྲེ་པོ་སོགས་ཀྱིས་བླ་མའི་དབོན་པོ་བདག་ཉིད་ཆེན་པོ་ཡིན་པའི་ཚུལ་ཞུས་པས། རྒྱལ་པོ་ཡང་ཐུགས་འགྱུར་ཏེ། དེ་ལྟར་ཡིན་ན་སྨན་རྩེ་ནས་གདན་དྲོངས་གསུངས་པའི་ལུང་ཕེབས་ཞེས་གཙང་བྱམས་པའི་གདུང་རབས