[A:༡༤༡ན]ཤར་པ་འཇམ་དབྱངས་ཆེན་པོས་མཛད་དེ། །འདིས་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་ལ་སོགས་པ་གཞན་ཕན་གྱི་བྱ་བ་མཐའ་ཡས་ཤིང་བློས་མི་འཁྱུད་པ་ལྟ་བུ་ཞིག་མཛད་ཅེས་བཤད་ལ། ཁྱད་པར་གདན་ས་འདིར་ཡང་བླ་མ་འཕགས་པ་དང་། བདག་ཉིད་ཆེན་པོ་དྷརྨ་པཱ་ལ་གཉིས་ཀྱིས་ཕྱི་རྟེན་བཞུགས་པའི་གསེར་ཐོག གཡུ་ཐོག་ལ་སོགས་པའི་ཞལ་བཀོད་དང་། ལྷ་ཁང་ཆེན་མོ་འདི་ཉིད་དཔོན་ཆེན་ཤཱཀྱ་བཟང་པོས་འགྲམ་བཏིང་། ཀུན་དགའ་བཟང་པོས་ལེགས་པར་སྦྱངས་པའི་རྗེས་བླ་མ་འདིའི་གདན་ས་མཛད་པའི་དུས། དཔོན་ཆེན་ཨག་གླེན་གྱིས་ལྷ་ཁང་ནང་གི་ས་རྒྱན། གནམ་རྒྱན། མཆོད་ཆ་ལོགས་བྲིས་ལ་སོགས་པ་དང་། ལྷ་ཁང་ཆེན་མོའི་མཐའི་ལྕགས་རི་ཆེན་མོ་འདི་ཡང་ཤིང་མོ་ལུག་གི་ལོ་ལ་བྱས་སོ་ཞེས་གྲགས་ཤིང་། གཞན་ཡང་བླ་མ་འདིའི་ལྷ་ཁང་གི་ཐིགས་ཁང་ཆེན་མོར་བརྟན་པའི་ཕྱིར་དང་། མཛེས་པའི་རྒྱན་དུ་རྣལ་འབྱོར་རྒྱུད་མན་ཆད་ནས་འབྱུང་བའི་དཀྱིལ་འཁོར་གྱི་བཀོད་པའི་ཞལ་ཏ་མཛད་ནས། བླ་མ་བློ་ཆེན་དང་སྣུར་ཡེ་ཤེས་རྒྱལ་མཚན་བྱ་བ་ཞལ་ཏ་བྱེད་དུ་བཅུག་སྟེ་དཀྱིལ་འཁོར་ཆེན་པོ་བརྒྱ་དང་བཞི་བཅུ་ཞེ་བརྒྱད། རིགས་བསྡུས་རྣམས་སོ་སོར་བགྲངས་ནས་དཀྱིལ་འཁོར་དྲུག་བརྒྱ་དང་སུམ་ཅུ་རྩ་དགུ། བླ་མ་གོང་མ་དང་བླ་མ་ཉིད་ཀྱི་ཞལ་མཚུངས་རྒྱུད་རིས་དང་བཅས་པ་ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་ལྔ་པ་ནས་བརྩམས་ཟླ་བ་བརྒྱད་པ་ཡན་ཆད་ལ་རབ་གནས་དང་བཅས་པ་གྲུབ་པར་མཛད་པ་དང་། གཞན་ཡང་གདན་སའི་ཕྱིར་དུ་མ་མཛད་དེ་མདོར་ན་དྷརྨ་པཱ་ལ་སྐུ་གཤེགས་པ་ནས་བླ་མ་བདག་ཉིད་ཆེན་པོ་གོང་དུ་བཞུགས་པའི་དུས་