R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༣ན
[A:༡༤༣ན]བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ། བླ་མ་རྣམས་ཀྱི་དུས་མཆོད། དཀོན་མཆོག་གི་ཞབས་ཏོག བུ་སློབ་ལྷ་སྡེ་མི་སྡེ་རྣམས་ཀྱི་མགོ་སྐྱོང་རན་ཆེད་གཉེར་ལེགས་པར་མཛད། རྒྱལ་ཁམས་ཆེན་པོ་ཡང་ཆོས་བཞིན་དུ་བདེ་བར་འཇགས། གདན་ས་དན་དུ་བླ་མ་འཕགས་པ་དང་། དྷརྨ་པཱ་ལའི་ཕྱི་རྟེན་བཞུགས་ས་གསེར་ཐོག་དང་གཡུ་ཐོག ལྷ་ཁང་གི་ལྕགས་རི་ལ་སོགས་པ་ཡང་བདག་ཉིད་ཆེན་པོ་འདི་དང་། ཤར་པ་རིན་ཆེན་རྒྱལ་མཚན་པ་གཉིས་ཀྱི་སྐུ་རིང་ལ་ལེགས་པར་གཞི་བཏིང་སྟེ། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་དགུང་ལོ་ཞེ་ལྔ་ནས་སྐུ་གཤེགས་ཀྱི་བར་གདན་སའི་འཛིན་སྐྱོང་སྤེལ་གསུམ་མཛད་པས་དེའི་དུས་རང་གདན་ས་པ་དཔལ་འབྱོར་རྒྱས་ཞེས་གྲགས་ལ། དེ་ལྟར་གདན་ས་བཟུང་ནས་རྗེ་བཙུན་མ་སྒྲོལ་མའི་ལུང་བསྟན་ལྟར་རིགས་ཀྱི་སྲས་ཀྱང་ཤིན་ཏུ་མང་བ་ཞིག་སྟེ། དེ་དག་ཀྱང་དགུང་ལོ་ལྔ་བཅུ་རྩ་གཅིག་ཡན་ལ་བྱོན་ཞིང་། སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་དུ་བཞེངས་པས། བླ་མ་བདག་ཉིད་ཆེན་པོ་མི་དང་ལྷ་བཟོ་བ་ཡིན་ཞེས་ཀྱང་གྲགས། དེ་ནས་དགུང་ལོ་ང་གཉིས་པ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་ནས། མཚན་ཨ་མོ་གྷ་དྷྭ་ཛ་ཤྲཱི་པཱ་ལ་ཞེས་པ་བཏགས། དེ་ལྟར་མཛད་པ་རྒྱ་ཆེན་པོ་མཛད་ནས། དགུང་ལོ་དྲུག་ཅུ་རྩ་གསུམ་པ་ཤིང་ཕོ་བྱི་བའི་ལོ་ལ་གཞི་ཐོག་གཟིམ་ཁང་དུ་བདེ་བར་གཤེགས་སོ་ཞེས་སྟག་ཚང་ལོ་ཙཱ་བས་མཛད་པའི་གདུང་རབས་དང་། གཙང་བྱམས་པའི་གདུང་རབས་དང་། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་དང་། གཞན་ཡང་གདུང་རབས་ཆེ་ཕྲན་མང་པོ་ཞིག་ལས་བཤད་ཅིང་།
ཡང་ཉི་ལྡེ་