[A:༡༥ན]གཞི་ཆེ་བར་འདུག་པས་མངོན་པ་ཅིག་སློབ་ཏུ་གཏང་བ་དྲག་ཟེར་ཏེ། རོང་ངུར་སྨྲིག་ཏུ་བྱོན་པས་བྲང་ཏི་བའི་གྲྭ་པ་རྣམས་རྫོགས་ནས་བྲང་ཁང་མེད་པས། སྲང་ཁ་ཕུག་རྡུགས་ཅིག་ཏུ་ཆར་བའི་ཡོལ་བས་བཅད་ནས་བཞུགས། ཁང་ཚེས་ན་ཡར་འབྲོག་ཁོབ་ལེ་པའི་གྲྭ་བ་ཅིག་ལ་འབྲུམ་བུ་སྨེ་བ་ནག་པོ་བྱུང་བ་ལ། ནད་གཡོགས་མེད་པས་མ་བཟོད་ནས། བླ་མ་འདིས་གྲྭ་པ་དེ་ལ་གཡོག་མཛད་པས་ཕན་ཏེ། བླ་མ་ལ་འགོས་ནས་འབྲུམ་བུའི་ནད་ཀྱིས་བསྙུངས་ཏེ། དེ་དུས་ས་སྐྱ་ན་ཨ་ཕོ་ཕག་སྟོན་བྱ་བ་མིག་མཐོང་མཁན་ཅིག་ཡོད་པ་དེས་སྔ་དྲོ་ཉི་མ་ལ་འཐོན་ནས་བསྡད་ཙ་ན། ཤར་ཕྱོགས་བྲ་ཆུང་གོང་ཁ་ན་ཡར་རྟ་བྲ་བོ་ལ་ཞོན། ཞྭ་ཐང་ཐེབས་ཅན་ཕོད་ཁ་ཆེན་པོ་གྱོན་པ་ཅིག་ལྕག་གཡབ་ཀྱིན་ས་སྐྱའི་ཐད་ཀར་རྟ་ཁ་བསྒྱུར་ནས། ཀུན་དགའ་སྙིང་པོ་ན་ཡིན་ཡོད་ཁྱེད་ས་སྐྱ་པ་ཚོས་ཅི་མནོ་བ་ཡིན་ཟེར་བ་ཅིག་བྱུང་། འདི་བདུད་རྒྱལ་ཐོད་ཕྲེང་ཅན་ཡིན་པར་གྲགས། དེའི་ལོ་རྒྱུས་བསྙད་པས། མི་རྣམས་ཀྱིས་ཨ་ཕོ་ཟེར་བ་བཞིན་ཡོང་བ་ཅིག་ཡོད་ཕལ་ཆེར་བདེན་ལས་ཆེ་ཟེར་ཏེ། དེའི་དགོངས་མོ་བང་ཆེན་པ་སླེབས་པ་དང་། མ་གཅིག་གིས་ཀུན་དགའ་སྙིང་པོ་མ་ཤི་ན་རུང་། ཤི་ན་ང་ལའང་ས་སྦྱར་འཁོར་རྒྱུ་མེད་བསམ་ནས་ཚོང་འཕྲུལ་བྱས་ཏེ་གསེར་ལ་སོགས་པ་མང་པོ་ཁྱེར་ནས་བྱོན་པས། ཡུམ་སྲས་མཇལ་དུས་བླ་མ་འདི་སྐུ་ན་གཞོན་པ་དང་། ཐག་རིང་དུ་བསྙུང་བའི་སྟབས་ནས་ཡུམ་གྱི་དྲུང་དུ་བཤུམ་པས། ཡུམ་ན་རེ། ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན། སྙིང་རུས་ཀྱིས་ཚུགས་དང་། ཁྱོད་དགེ་འདུན་རྒྱ་མཚོ་ལྟ་བུ་འདིའི་གསེབ་ཏུ་ཤི་ན་རང་ལེགས་