[A:༡༥༩བ]འཕེལ་གྱི་རྗེས་གནང་ལ་སོགས་པ་རྗེས་གནང་གི་རིགས་དུ་མ་དང་། གཞན་ཡང་རྗེ་བཙུན་གོང་མ་གསུམ་གྱི་གསུང་འགའ་རེ་དང་། ཆོས་རྗེ་ཁུ་དབོན་གྱི་གསུང་འབུམ་ཕལ་ཆེ་བའི་ལུང་དང་། གཞན་ཡང་ས་སྐྱ་པའི་ལུགས་ཀྱི་གེགས་སེལ་འཕྲུལ་འཁོར་རླུང་སྦྱོར་དང་བཅས་པ་སྟེ་མདོར་ན་དབང་ཁྲིད་ལུང་མན་ངག་ལ་སོགས་པ་དུ་མ་ཞིག་དང་། དེ་དག་གི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འདྲེས་པར་ཡོངས་སུ་རྫོགས་པར་གསན་ནས་ཐུགས་སུ་ཆུད་པར་མཛད་པ་དང་། སྔར་བླ་མ་གཞན་ལས་ཐོབ་པ་དུ་མ་ཡང་འདི་ཉིད་ལ་བསྐྱར་ནས་གསན་པར་མཛད་པ་ཡིན་ལ། དེ་ལྟར་མཛད་པའི་རྒྱུ་མཚན་ཡང་ཆོས་རྗེ་ཉིད་ཀྱི་གསུང་ལས། བླ་མ་འདི་ནི་རྗེ་ས་སྐྱ་པ་ནས་བརྒྱུད་པའི་ཆོས་སྐོར་ལ་བྱིན་རླབས་ཀྱི་རྒྱུན་མ་ཆད་ཅིང་། དམ་ཚིག་གི་སེལ་ཅིག་ཀྱང་མ་ཞུགས་པས་བྱིན་རླབས་ཀྱི་བཀའ་བབས་པའི་སྒོ་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་། བླ་མ་གོང་མའི་ཕྱག་ལེན་རྡོ་རྗེ་དྲིལ་བུ་འཛིན་ཚུལ་ཚུན་ཆད་ཀྱང་མ་འདྲེས་པར་སྐྱོང་བའི་བརྒྱུད་པ་རྣམ་པར་དག་པར་འདུག་པས། ངས་སྔར་གཞན་དུ་ཐོབ་པའི་ས་སྐྱ་པའི་ཆོས་མང་པོའང་སླར་བསྐྱར་ནས་ཞུས་ཞེས་གསུངས་པ་ལྟར་དང་། ཁྱད་པར་དུ་བླ་མ་དེ་ཉིད་ཀྱི་དྲུང་དུ་ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་རྩ་དབུ་མ་བསྐྱངས་པའི་སྐབས། གཏུམ་མོའི་དམིགས་པ་སྐྱོང་བའི་དུས་སུ་འབད་རྩོལ་ཆེར་མ་དགོས་པར་ལུས་ཐམས་ཅད་མེར་འབར་བ་སྙམ་བྱེད་པའི་ཉམས་བཟང་པོ་སྐྱེས་ཤིང་། དེང་སང་ཡང་སྐབས་ལ་ལར་འོང་གི་འདུག་ཅེས་ཆོས་རྗེ་ཉིད་ཀྱིས་གསུངས་པ་ལྟར་གྱི་བླ་མ་བྲག་ཕུག་པ་འདི་ཉིད་བླ་མ་གཞན་ལས་སྤངས་