[A:༡༦༠ན]རྟོགས་ཀྱི་ཡོན་ཏན་ཁྱད་པར་ཆེ་ཞིང་ཆོས་བརྒྱུད་ཀྱང་གཙང་བ་དང་། ཕྱག་ལེན་རྣམས་ཀྱང་འདིའི་རྣམ་པར་དག་པ་ཙམ་གཞན་གང་ཡང་མེད་པར་མཁྱེན་ནས། འདི་ཉིད་ལ་ཕུ་དུད་དུ་མཛད་པ་དང་། ཆོས་ཀྱང་བརྒྱུད་པ་འདི་ལ་ཐོབ་པ་རྣམས་མཐིལ་དུ་མཛད་པ་ཡིན་ཞེས་ཀྱང་གྲགས་སོ། །དེ་ལྟར་བླ་མ་དེའི་དྲུང་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྐོར་དུ་མ་ཞིག་གསན་པ་དེའི་དུས་སུ་བླ་མ་དེས་ས་སྐྱ་པ་ལ་སྔར་ཡང་བཟང་ངན་གྱི་གནས་ཚུལ་འདི་ལྟ་བུ་བྱུང་ཞེས་སྔར་བྱུང་གི་ཚུལ་འགའ་རེ་དང་། ད་ལོ་བཅུ་ཙམ་ནས་ས་སྐྱ་པ་ལ་འདི་ལྟར་འབྱུང་ཞེས་གསུངས་ཏེ་མ་འོངས་པ་མང་པོ་ལུང་བསྟན་ཅིང་། ཁྱད་པར་དུ་ཆོས་རྗེ་བླ་མ་རང་ཉིད་ལ་དྲུང་པ་ཁྱེད་ལ་ཧོར་གྱི་གདན་འདྲེན་ཡོང་བར་འདུག དེར་བྱོན་ནའང་འགྲོ་དོན་ཆེན་པོ་འོང་། འོན་ཀྱང་སྐུ་ཚེ་ཐུང་བར་འདུག འབྱོན་མི་འབྱོན་ཁྱེད་རང་ལ་དབང་འོང་བར་འདུག་ཅིང་། སྤྱིར་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འོང་བར་གདའ། ཁྱད་པར་དུ་གསུང་ངག་རིན་པོ་ཆེའི་བརྒྱུད་འཛིན་ཆེན་པོར་འགྱུར་བར་གདའ་བས། ཆོས་བདག་པོ་ལ་འཕྲོད་པ་ལགས་པས་གསུང་ངག་དར་རྒྱས་སུ་མཛད་པ་ཞུ་ཞེས་ལུང་བསྟན་པའི་ཚིག་མང་པོ་གསུངས་ཤིང་། གཞན་ཡང་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དུ་མ་ཞིག་གུས་པས་བསྟེན་པའི་ནང་ནས། རྩ་རླུང་གི་ཡོན་ཏན་ཕུལ་དུ་བྱུང་བ་ལས་བདེ་དྲོད་ཀྱི་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་མངའ་བའི་བླ་མ་སྲོན་པ་ཆོས་དཔལ་བཟང་པོ་ལ་སྦྱོར་དྲུག་གི་ཁྲིད་དང་། ཁྱད་པར་ཁོང་པ་རང་གི་སྲོག་རྩོལ་ཐུན་མོང་མ་ཡིན་པ་རྣམས་དང་། གཤེད་དམར་ལྷ་ལྔའི་དབང་དང་། གཞན་གཤིན་རྗེ་གཤེད་ཀྱི་མན་ངག་