[A:༡༦༠བ]བསྐྱེད་རྫོགས་དང་འབྲེལ་པ་མང་པོ་གསན་ཅིང་ཐུགས་སུ་ཆུད་པར་མཛད་ལ། གཞན་ཡང་དམ་པའི་ཆོས་ལ་ངོམས་པ་མེད་པ་ལྟ་བུའི་ཚུལ་གྱིས་ཕྱི་ནང་གི་ཡོན་ཏན་མང་པོས་རྒྱུད་བལྟམས་པའི་རྡོ་རྗེ་འཛིན་པ་ཆེན་པོ་གན་པ་རིན་ཆེན་རྒྱལ་མཚན་ལ་ཡང་གུར་རིགས་བསྡུས། གསང་འདུས་འཇམ་རྡོར་དང་འཕགས་ལུགས་ཀྱི་དབང་། དགྲ་ནག གདོང་དྲུག བདེ་མཆོག བཅུ་གསུམ་མ་མཻ་ཏྲི་ལུགས། མཧཱ་མཱ་ཡཱ། བདེ་མཆོག་ནམ་མཁའ་དང་མཉམ་པའི་དབང་དང་བྱིན་རླབས། ཨ་ར་པ་ཙ་ནའི་རྗེས་གནང་སོགས་རྗེས་གནང་གི་རིགས་དུ་མ་ཞིག་དང་། གཞན་ཡང་ཡང་དག་མར་མེ་དགུ་པའི་དབང་དང་། ཕུར་པ་ས་ལུགས་ཀྱི་དབང་། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་གཞན་ཡང་རྒྱུད་དང་། འགྲེལ་པ་དང་། བསྟན་བཅོས་དུ་མ་ཞིག་གི་ལུང་ལ་སོགས་པ་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། ཡང་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྱུར་པའི་མཁས་མཆོག་བུ་སྟོན་རིན་པོ་ཆེའི་དྲུང་དུ་དགུང་ལོ་རྩ་ལྔ་དྲུག་ཙམ་ནས་སྔ་ཕྱིར་གདན་ས་ཆེན་པོ་ཉིད་དང་། བོ་དོང་དང་། འབྲས་ཡུལ་རྣམས་སུ་སྤྱན་དྲངས་ནས་གདན་བཞིའི་དབང་། རྡོ་རྗེ་དབྱིངས་ཀྱི་དབང་། དཔལ་མཆོག་རིགས་བསྡུས་ཀྱི་དབང་། རྩེ་མོ་རིགས་བསྡུས་ཀྱི་དབང་ལ་སོགས་པ་དབང་བསྐུར་གྱི་རིགས་ཟབ་ཅིང་རྒྱ་ཆེ་བ་དུ་མ་དང་། རྒྱུད་ཀྱི་བཤད་བཀའ་དང་། གཞན་ཡང་རྒྱུད་དང་དེའི་འགྲེལ་པ། སྒྲུབ་ཐབས། དཀྱིལ་ཆོག་མན་ངག་ལ་སོགས་པ་རྒྱ་གཞུང་ཚད་ལྡན་བསམ་གྱིས་མི་ཁྱབ་པ་ཞིག་དང་། བུ་སྟོན་ལོ་ཙཱ་བ་ཉིད་ཀྱི་གསུང་རབ་ཕལ་ཆེ་བ་ལ་སོགས་བོད་གཞུང་ཁུངས་ཐུབ་སོ་སོ་སྐྱེ་བོའི་