[A:༡༦༤ན]ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་འབྱོར་པས། དབུས་ཀྱི་ཕྱོགས་སུ་སྲོད་ཅིག་དགེ་བཤེས་འདྲ་དང་ཆོས་ཀྱི་གསུང་གླེང་མཛད་པའི་དོན་རྣམས་ཚིགས་བཅད་དུ་མཛད་པ་དེ་ཡང་སྙེལ་དོགས་ནས་མུན་ནག་ལ་ཕྱག་བྲིས་སུ་བཀོད་པས། དྲུང་ན་མི་ཉག་ཤེར་རྒྱལ་ཡོད་པ་དེས་ཆོས་རྗེ་ལ། དྲུང་པ་ཕྱག་ཡིག་བྱང་དྲགས་པས་རྒྱུས་ཐོག་གི་ཡོང་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས་འམ་བུ་ལ་འོད་གསལ་ཟླ་བ་ཤར་བའི་སྣང་བ་ཙམ་པ་ཅིག་རྒྱུན་དུ་ཡོད་པས་བྲིས་པ་ཡིན་ཞེས་གསུངས་ཏེ། སང་བལྟས་པ་ན་ཉིན་པར་བྲིས་པ་དང་ཁྱད་པར་མི་འདུག་པས། ཤིན་ཏུ་ཡིད་ཆེས་དད་པ་ཆེན་པོ་སྐྱེས་པར་གྱུར་ཅེས་གྲགས་ལ། མངོན་པར་ཤེས་པ་ཡང་ཐོགས་མེད་དུ་མངའ་བས་གང་ལྟར་ལུང་བསྟན་པ་རྣམས་ཀྱང་དེ་ཁོ་ན་ལྟར་འབྱུང་སྟེ་ཆོས་རྫོང་པའི་དགེ་བཤེས་ཤིག་གོང་དཀར་དུ་འགྲོ་དུས་ཕྱག་དབང་དང་སྐུ་ཁམས་ཞུས་པས། ཁྱེད་རང་ཕྱིན་པས་ལེགས་པོ་འོང་། སོང་དང་ལྷག་པའི་ལྷ་དང་མཇལ་བར་འདུག་གི་ཞེས་གསུངས་ཏེ། དགེ་བཤེས་དེས་ཀྱང་རིམ་གྱིས་ཕྱིན་ཏེ་གཡས་རུ་ལ་འགྲོ་བའི་ཚེ། ཀོ་བའི་ནང་དུ་ཡི་དམ་དྲན་པར་བྱས་གསོལ་བ་བཏབ་པས། སྲིན་པོ་རིའི་ངོས་ཀྱི་ནམ་མཁའ་ལ་འཁོར་ལོ་བདེ་མཆོག་ཞལ་མཐོང་སྟེ་ཏིང་ངེ་འཛིན་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེས་པས། ཆོས་རྗེ་ཉིད་ལ་རྡོ་རྗེ་འཆང་དངོས་ཀྱི་མོས་གུས་སྐྱེས་ཞེས་གྲགས་ཤིང་། ཡང་ཆོས་རྫོང་དུ་དབང་བསྐུར་བ་ཅིག་གི་ཚེ། དབང་རྫས་རྡོ་རྗེ་དང་དྲིལ་བུ་རིམ་པས་གཏད་པ་ན། བླ་མ་ལེགས་པ་བྱ་བ་ཕལ་པ་གཅིག་ཡོད་པ་དེའི་ཐད་དུ་ཕེབས་པ་ན། ཆོས་རྗེ་རང་གི་ཕྱག་དྲིལ་ཁྱེར་ཤོག་