[A:༡༦༤བ]གསུངས་ཕུལ་བས། དེ་ལ་གནང་སྟེ་ཕྱིས་གསང་ཕུ་བྲག་ནག་གི་གདན་ས་བྱས་པས། གསང་སྔགས་ཀྱི་ལག་ལེན་ལ་དེ་བས་འཕྲིན་ལས་ཆེ་བ་མེད་པ་ཞིག་བྱུང་བ་དང་། གཞན་ཡང་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་སོགས་མང་པོ་ལ་མངོན་པར་ཤེས་པའི་སྒོ་ནས་མ་འོངས་པ་ལུང་བསྟན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་མཛད། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་དུ་མངའ་བས། ནང་དུ་ཏིང་ངེ་འཛིན་བསམ་གྱིས་ཁྱབ་པ་ལས་མ་གཡོས་བཞིན་དུ་འཆད་རྩོད་རྩོམ་པས་རྒྱལ་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་ཡིན་ཏེ། དེ་ཡང་འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་བློ་གྲོས་ཀྱི་པདྨོ་རབ་ཏུ་རྒྱས་པར་མཛད་པའི་ཚུལ་ནི། སྤྱིར་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་གདན་ས་ཆེན་པོ་ཉིད་དང་། བོ་དོང་། སྒྲོ་མོན་ཅན། གཞན་ཡང་མངའ་རིས་གུང་ཐང་། ལྷ་ས་བསམ་ཡས། སྙེ་ཐང་ཆོས་རྫོང་། དགས་པོ། ཡར་ལུང་ལ་སོགས་པ་དབུས་གཙང་མངའ་རིས་དང་བཅས་པའི་ས་ཆ་ཡུལ་ཕྱོགས་འདི་ཉིད་དུ་མ་བྱོན་བྱ་བ་ཅིག་ཀྱང་མེད་པ་ལྟ་བུས་ཕྱོགས་མུ་མཐའ་དང་བྲལ་བའི་སྐྱེ་བོ་རྣམས་ལ་བྱམས་པའི་ཆོས་ལྔ། མངོན་པ་གོང་འོག དབུ་མ་རིགས་པའི་ཚོགས་དྲུག སྤྱོད་འཇུག ཚད་མ་སྡེ་བདུན་གོང་འོག་ལ་སོགས་པ་མཚན་ཉིད་ཕྱོགས་ཀྱི་ཆོས་ཕལ་མོ་ཆེ་ཞིག་དང་། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཡང་དགེས་པ་རྡོ་རྗེའི་རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། ཕ་རྒྱུད་གསང་བ་འདུས་པ། རྒྱ་ཆེ་བ་གཉིས་མེད་ཀྱི་རྒྱུད། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ལ་སོགས་པ་གང་ལ་གང་འོས་ཀྱི་གདུལ་བྱའི་བློ་དང་འཚམས་པར་རྒྱུད་དང་། འགྲེལ་པ་དང་། དེ་དག་ལས་བྱུང་བའི་