[A:༡༦༥ན]དཀྱིལ་འཁོར་ཀྱི་དབང་དང་། སྒྲུབ་ཐབས་དང་། མན་ངག་ལས་ཚོགས་དང་བཅས་པ་དང་། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་གྱི་ཁྲིད་རིམ་དང་། གཞན་ཡང་སོ་སོར་ཐར་པའི་སྡོམ་པ་འབོགས་པ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ལ་སོགས་པ་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བློས་དཔག་པར་དཀའ་བ་ཞིག་བསྐོར་ནས། གདུལ་བྱ་མཐའ་ཡས་པ་ཞིག་སྨིན་གྲོལ་ལ་བཀོད་པ་ཡིན་ཏེ། དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་བ་ལྟ་བུ་ལ་མཚོན་ན། དགུང་ལོ་ལྔ་བཅུ་ང་བདུན་དུ་ཕེབས་པའི་ཚེ། སྙེ་ཐང་དུ་དབུས་གཙང་གི་སྡེ་སྣོད་འཛིན་པ་ཕལ་ཆེ་བ་འདུས་པའི་དབུས་སུ། སྤྱིར་ཆོས་ཀྱི་འབེལ་གཏམ་མང་པོ་མཛད་ནས། བསྟན་པའི་བྱ་བ་རྒྱ་ཆེན་པོ་སྒྲུབ་པར་མཛད་ཅིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ཆེན་པོ་དང་། དེའི་འགྲེལ་པ་དྲི་མེད་འོད་ལ་སོགས་པའི་བཤད་བཀའ་དང་ལུང་བཀའ། གཞན་ཡང་དེ་ནས་བཤད་པའི་མན་ངག་དུ་མ་དང་བཅས་གནང་སྟེ། དུས་འཁོར་གྱི་འཆད་ཉན་ཅིག་ལ་དབུས་སུ་དེ་ལས་སྡེ་སྣོད་འཛིན་པའི་ཚོགས་འདུ་ཆེ་བ་མ་བྱུང་བར་གྲགས་པ་དང་། གཞན་ཡང་དགུང་ལོ་དྲུག་ཅུ་རེ་གཅིག་ཙམ་བཞེས་པའི་དུས་སུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་བྱང་ཕྱོགས་སུ་ཉི་མ་གཅིག་ཙམ་བགྲོད་པའི་སའི་ཆ། ལྔ་བརྒྱ་དུས་ཀྱི་ཐམས་ཅད་མཁྱེན་པ་པཎྜི་ཏ་འབུམ་ཕྲག་གསུམ་པས་བྱིན་གྱིས་བརླབས་པའི་གནས་བོ་དོང་ཨེའི་ཆོས་གྲྭ་ཆེན་པོར། མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་། སྐད་གཉིས་སྨྲ་བའི་དབང་པོ་བདག་ཉིད་ཆེན་པོ་བྱང་ཆུབ་རྩེ་མོ་ལ་སོགས་པ་བདེ་བར་གཤེགས་པའི་