[A:༡༦༦བ]རིགས་བྱེད་ཀྱི་བསྟན་བཅོས་ལ་མཁས་པར་སྦྱངས་ཞིང་། ཐུན་མོང་གི་རིག་པའི་གནས་ལྔ་ལ་མཁས་པའི་མངོན་པའི་ང་རྒྱལ་ཅན། འཇིག་རྟེན་ན་ཐམས་ཅད་མཁྱེན་པའི་ཡང་དབང་དུ་མ་གྱུར་པའི་དྲེགས་པ་ཅན་བིདྱ་ཀ་ར་ཀི་རི་དང་། ཏ་བྷྱུ་བ་ཀི་རི་ཞེས་པ་གཉིས་རྒྱ་གར་གྱི་ཡུལ་ནས་བྱང་ཕྱོགས་སུ་འོང་སྟེ། སེམས་དཔའ་ཆེན་པོ་འདིའི་སྐུའི་སྙན་པའི་གྲགས་པས་བདས་ནས་དྲུང་དུ་བསྙེགས་ནས་ཞལ་མཐོང་བའི་མོད་ལ་སྔོན་གྱི་ལས་ཀྱི་སྒྲིབ་པ་ཟད་དེ། སྐྱེས་བུ་དམ་པ་འདི་ལ་ཡིད་ཆེས་ཀྱི་དད་པ་ཆེར་སྐྱེས་ནས་རྟགས་རྣམ་རྩེན་ཞེས་བྱ་བའི་སྡེབ་སྦྱོར་གྱིས་བཅིངས་པའི་བསྟོད་པ་ངོ་མཚར་བས་བསྟོད་དེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་ཞུས་པ་ན། ཏ་དབེན་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོས་སློབ་དཔོན་མཛད་ནས་མཆེད་གཉིས་ཀྱིས་རབ་ཏུ་བྱུང་བར་མཛད་ཅིང་། མཧཱ་མཱ་ཡཱ་དང་། སྒྲོལ་མ་ལ་སོགས་པའི་དབང་བསྐུར་བ་དུ་མ་ཡང་སྩལ་ཏེ་དམ་པའི་ཆོས་ཀྱིས་ཡི་རང་བ་མཛད་དོ། །དེ་ལྟར་ཕྱི་ནང་གི་མཁས་པ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྒྱལ་པོར་གྱུར་པ་ལ་བརྟེན་ནས་རྒྱ་གར་དང་། བལ་པོ། ཁ་ཆེ། གུ་གེ པུ་རང་། མངའ་རིས་སྐོར་གསུམ། རྒྱ་ནག ཧོར་ཡུལ། མདོ་སྟོད་སྨད་ལ་སོགས་པ་འཛམ་བུའི་གླིང་ཕལ་ཆེ་བའི་མཁས་པ་ཐམས་ཅད་ཀྱི་སྒྲོ་འདོགས་གཅོད་པའི་ཞིང་དམ་པར་གྱུར་ནས། མཁས་པ་རྣམས་ཀྱང་དྲུང་དུ་བསྙེགས་ཤིང་འགྲོ་བ་ཐམས་ཅད་ཀྱི་གཙུག་ཏུ་བཀུར་བའི་རྒྱན་ཆེན་པོར་གྱུར་པས། ཆོས་རྗེ་པ་རང་གི་བླ་མ་རྣམས་ཀྱི་ནང་ནས་ཀྱང་། ཉན་ཆེན་བསོད་ནམས་བརྟན་པ། རོང་པ་ཤེས་རབ་སེང་གེ དཔང་ལོ་བློ་གྲོས་