[A:༡༦༩ན]རླུང་སྦྱོར་གཙོ་བོར་མཛད། རླུང་སྦྱོར་གྲུབ་ནས་གང་བྱུང་ཚད་ཀྱི་ལྟ་བ་བསྐྱངས་པ་ལ་ཉམས་ལེན་གྲུབ་ཚད་རེ་བྱས་ཞེས་རྗེ་རང་ཉིད་ཀྱིས་གསུངས་པ་ལྟར། ཆོས་ཐམས་ཅད་ལ་མཐའ་བྲལ་གྱི་ལྟ་བའི་རྒྱས་འདེབས་པ་མཛད། དེ་ནས་ཚ་གོང་དུ་རྗེ་ས་སྐྱ་པའི་ཕྱག་སྲོལ་གྱི་དཀར་གཏོར་ཆ་བཞི་དང་། ཛམྦྷ་ལ་ལ་ཆུ་འབུལ་བ་ལ་སོགས་པ་མཛད། དེ་ནས་ཉིན་གུང་གི་ཆ་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་པའི་བར་རྣམས་སུ་གཏོར་མ་བརྒྱ་རྩ་རིམ་པ་གཉིས། དབྱུ་གུ་དྲུག་ཅུ་རྩ་བཞི། མི་གཡོ་བ། སྒྲོལ་མ། འོད་ཟེར་ཅན། ཐུན་གཏོར། གཟུངས་གཏོར་རྣམས་མཛད། དེ་རྣམས་གྲུབ་ནས་མདོ་སྒྲུབ་ཉེར་གཅིག་གམ་བདུན་རེ་གང་འགྲུབ་རེ་དང་། སྒྲོལ་མ་མཎྜལ་བཞི་པ་དང་། འོད་ཟེར་ཅན་གྱི་བསྒོམ་བཟླས་རྣམས་མ་ཆག་པར་མཛད་ཅིང་། དགོངས་མོའི་དུས་ཀྱི་ཚེ་བདེ་ཀྱེ་གཉིས་གང་རུང་གི་བདག་བསྐྱེད་ལ་བརྟེན་ནས། དབང་རྒྱས་བསྡུས་གཉིས་གང་གྲུབ་རེ་མ་ཆག་པར་ལེན་པར་མཛད། གཞན་ཡང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བྲག་ཕུག་པ་ལ་གསན་པ་ནས་ཞག་རེ་ལ་བསྙེན་པ་མ་ཆག་པར་མཛད་པས། རྗེ་བཙུན་རིན་པོ་ཆེ་ལ་མཁའ་སྤྱོད་མས་སྤྱན་འདྲེན་གྱི་ཕོ་ཉ་བྱུང་བ་ལྟར། རྗེ་འདི་ལ་ཡང་གདན་ཁ་འདྲ་ཅིག་འདུག་པ་ན་མི་ཁ་ཅིག་གིས་འདི་ལ་བསྡད་ན་མཁའ་སྤྱོད་དུ་འགྲོ་ཟེར་བའི་སྣང་བ་ཡང་བྱུང་བར་བཤད་པ་ལ་སོགས་པ། དེ་ལྟར་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་ཞིག་བསྒྲུབས་ནས། དེ་ནས་བདག་ཉིད་ཆེན་པོ་འདི་ཞིང་འདི་བས་ཞིང་ཁམས་གཞན་དུ་འགྲོ་དོན་ཆེ་བར་དགོངས་ནས་གཞན་དུ་འབྱོན་པ་དང་ཉེ་བ་སྟག་ལོ་ཟླ་བ་དགུ་