[A:༡༦༩བ]པ་ལ་འཚལ་པས་ར་ག་བྲག་ཏུ་སྤྱན་དྲངས་ཏེ་འདོད་ཆོས་འགའ་ཞུས་པས། དེའི་སྐབས་ཀྱི་ཐོ་རངས་ཀྱི་ཆ་ཅིག་ལ། རྗེ་ཉིད་ཀྱི་མནལ་ལམ་དུ་དགའ་ལྡན་ནས་ཡོང་ཟེར་བའི་ལྷའི་བུ་རྒྱན་དང་བཅས་པ་མང་པོས་རོལ་མོ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་རྒྱན་དཔག་ཏུ་མེད་པས་སྤྲས་པ་ཅིག་ཁྱེར་བྱུང་ནས། དགའ་ལྡན་དུ་གདན་འདྲེན་པ་ཡིན་ཟེར་བའི་སྣང་བ་ཅིག་བྱུང་ནས། དེས་རྐྱེན་བྱས་བྱམས་མགོན་ལ་མོས་པ་དྲག་པོ་ཅིག་སྐྱེས་པས། མཇལ་སྤྲོ་བའི་འདུན་པས་ཉིད་ཀྱིས་ཀྱང་འབྱོན་པར་ཞལ་གྱིས་བཞེས་པ་སྙམ་མཛད་པ་ཞིག་བྱུང་གསུང་བར་གྲགས་ཤིང་། དེ་ནས་ཆོས་རྫོང་དུ་འབྱོན་པའི་ལམ་དུ་སློབ་དཔོན་ཡོན་ཏན་རྒྱ་མཚོ་བ་སྙུང་བ་སྦང་འདེག་གི་གྲལ་དབུས་ལ་གསང་ཕུར་གདན་དྲངས་པའི་དུས་སུ་ཆ་པའི་སྐུ་འབུམ་དང་མཇལ་ནས། ད་ལན་ཁོང་གིས་བོས་པ་འདིས་གོ་བཅད། དེ་མིན་ཆ་པའི་སྐུ་འབུམ་དང་མི་མཇལ་བར་འདུག་གསུངས་ནས་མཉེས་ཚོར་ཆེན་པོ་མཛད། དེ་ནས་ཆོས་རྫོང་དུ་ཕེབས་པའི་ཚེ་བླ་མ་གཞོན་ནུ་རྒྱལ་བས་མཇལ་བ་ལ་བྱོན་པས། ཆོས་རྗེའི་ཞལ་ནས། ཞག་འགའ་བཞུགས་མཛོད་གསུང་གླེང་འདྲ་ཡང་ཡོད་ཅིང་། ཡང་ཡང་ཨེ་འཕྲད་མི་ཤེས་གསུངས་ཏེ་ཟླ་གཅིག་ཙམ་བཞུགས་པའི་སྐབས་སུ་ཤིན་ཏུ་དགེས་པའི་གསུང་གླེང་མང་པོ་ཞིག་མཛད། ཁྱད་པར་ཆོས་རྗེའི་ཞལ་ནས་བདེ་བ་ཅན་ན་ས་ཆེན་ཡབ་སྲས་ཀྱང་བཞུགས་པས། རང་རེས་ཀྱང་སྔ་ཕྱི་ཐམས་ཅད་དུ་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ཡིན་ནའང་། བྱམས་ཆོས་འདི་རྣམས་ལ་ཐོས་བསམ་བྱས་པའི་མཐུས་ཡིན་ནམ། ཁ་