[A:༡༧༠ན]རྩང་ར་ག་བྲག་ཏུ་ལྟས་འདི་ལྟ་བུ་བྱུང་ཞེས་རྒྱུ་མཚན་དང་བཅས་ནས་གསུངས་ཏེ། དེ་ནས་བློ་འགྱུར་བ་ཞིག་བྱས་ནས་ངེས་འབྱུང་ཡང་ཆེར་སོང་བས་བསྐུལ་ཏེ་དགེ་སྦྱོར་ཡང་འཕེལ་བར་བྱུང་། རྨི་ལམ་དུ་ཞིང་ཁམས་སྦྱོང་བ་ལ་སོགས་པ་སྔར་རེ་འཐད་ཡོད་པ་ལ། བར་སྐབས་སུ་བྱེད་པ་མ་བྱུང་ཡང་། ཁ་རྩང་ནས་རྩོལ་མེད་དུ་སྔར་ལས་ཀྱང་གསལ་ཙམ་བྱུང་། ད་ངའང་ཡུན་རིང་མི་སྡོད་པས་ན་ནིང་དགོས་ཟེར་བའི་ཀྱེ་རྡོར་ནས་གླིང་མའང་ད་ལན་བྱས་པ་འཐད་གསུངས་ནས་གནང་། བླ་མ་གོང་མའི་དུས་མཆོད་ཀྱི་སྒྲུབ་མཆོད་དེ་ང་རང་ཡོད་པ་ད་ལན་འདིར་བྱེད་རྩིས་སུ་ཡོད་པས་ཁྱེད་ཀྱང་བཞུགས་གསུངས་པ་དང་། དེར་བླ་མ་གཞོན་ནུ་རྒྱལ་བ་ཐུགས་ཤིན་ཏུ་མ་བདེ་ནས། ཆོས་རྗེ་ཉིད་ད་དུང་བསྟན་པ་དང་སེམས་ཅན་ལ་དགོངས་ནས་ཡུན་རིང་དུ་བཞུགས་པའི་སྐུ་རིམ་དང་རྟེན་འབྲེལ་ཐུགས་ལ་འདོགས་པར་ཞུ་ཞུས་པས། ད་ལོ་ཡང་མང་པོ་སོང་། རིམ་གྲོ་ཡང་གང་ཡོད་བཏང་ཟིན། ས་སྐྱའི་བླ་མ་གོང་མའི་སྐུ་འབུམ་དེ་རྣམས་ལ་ཞིག་བཟོས་ཤིག་བྱེད་སྙམ་པ་ཡོད་ནའང་མ་གྲུབ། དེ་མ་གཏོགས་གཞན་བློའི་ལྷག་མ་ལུས་པ་མེད་ཅེས་པ་ལ་སོགས་པ་ཞིང་གཞན་དུ་འབྱོན་པའི་གསུང་མང་པོ་ཞིག་གསུངས་ཤིང་། དེ་ནས་ཟླ་བ་བཅུ་གཅིག་པ་ལ་འཇང་གི་གཙུག་ལག་ཁང་དུ་བླ་མ་གོང་མའི་དུས་མཆོད་ལ། དུས་འཁོར། རྡོར་དབྱིངས། བདེ་ཀྱེ་ལ་སོགས་པ་གསང་སྔགས་ཟབ་མོའི་སྒྲུབ་མཆོད་དཔོན་སློབ་དུ་མས་ཞག་དགུའི་བར་དུ་བསྒྲུབས་ནས། དེ་གྲུབ་པ་ན་ཐུགས་ཤིན་ཏུ་དགེས་ཏེ། འོ་དེས་རང་རེའི་བྱ་བ་ཐམས་ཅད་རྫོགས་པར་གྲུབ་པ་ཡིན་གསུངས། དེ་