[A:༡༧༤ན]རྣམས་སོང་ཆེན་པོ་དགེ་སློང་བྱ་བས་སྐུའི་སྟ་ཟུར་ནས་བརྟེན། དགེ་བཤེས་རྒྱལ་བཟང་གིས་ཞབས་དྲུང་དུ་འདུག་པ་ན། འོ་ད་རན་བྱུང་གསུངས་ནས་བཞེངས་པའི་གྲབས་ཤིག་མཛད་པ་ན། ཁོང་རྣམས་ཀྱིས་སེར་མ་འདྲ་ཡོང་བ་ལགས་སམ་ཞུས་པས། མིན་ང་རང་ལ་རྒྱུས་ཤིག་བདོག་ཅོག་གེ་མ་རེག་པར་ཞོག་གསུངས་ནས་ཕྱག་གཉིས་ཐུགས་ཀར་བསྣོལ་བའི་གྲབས་མཛད་བཞིན་པའི་མུ་ནས་ཞི་བའི་དབྱིངས་སུ་ཆོས་སྐུའི་ངང་དུ་བསྡུ་བར་མཛད་ནས་སྐུ་ཚེ་འདིའི་མཛད་པ་རྫོགས་པར་དགོངས་ཏེ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བ་དང་། རྟག་འཛིན་ཅན་རྣམས་ངེས་འབྱུང་བསྐྱེད་པའི་ཕྱིར་དུ་དགུང་ལོ་དྲུག་ཅུ་རེ་བཞི་བཞེས་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔའི་སྲོད་ཡོལ་བའི་དུས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་ཀྱི་སྤྲུལ་པའི་སྐུ་དེ་ཉིད། བཅོམ་ལྡན་འདས་མགོན་པོ་བྱམས་པའི་དྲུང་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ལྷའི་ཚོགས་དཔག་ཏུ་མེད་པས་བསུ་བས་གདན་དྲངས་ཏེ་གཤེགས་པའི་ཚུལ་བསྟན་ཏོ། དེ་ནས་གཤེགས་རྫོང་གི་ཆོས་འཁོར་སོགས་ཀྱི་སྐབས་སུ་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང་བར་གྲགས་ཤིང་། ལྷག་པར་སྐུ་གདུང་ཞུགས་ལ་ཞེན་པ་ནམ་མཁའ་ལ་འཇའ་ཚོན་སྣ་ཚོགས་འཁྲིགས་ཤིང་། མེ་ཏོག་གི་ཆར་ཡང་ཞག་མང་དུ་བབས་ཏེ། དབུ་ཐོད་རིལ་པོ་མ་ཉམས་པར་ཞལ་ས་སྐྱ་ཕྱོགས་སུ་གཟིགས་ནས་བྱོན་པ་དང་། དེ་ནས་གདུང་གདན་ས་ཆེན་པོ་འདིར་གདན་དྲངས་ཏེ་གང་དུ་ཕེབས་པའི་སར་འཇའ་ཚོན་འཁྲིགས་ཤིང་། ལྷག་པར་ས་སྐྱར་ཕེབས་པའི་ཉིན་མེ་ཏོག་ཁ་དོག་སྣ་ཚོགས་པ་རྒྱ་ཆེ་ཆུང་ལག་པའི་ཐལ་མོ་ཙམ་པ་ལ་ཡུ་