[A:༡༧༥ན]ཏན་དང་ལྡན་པས། ངོ་མཚར་གྱི་རྣམ་པར་ཐར་པ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་མངའ་མོད། འདིར་ནི་དམ་པའི་ཆོས་གསན་ཚུལ། གསན་ནས་འཆད་ཉན་གྱིས་གཏན་ལ་ཕབ་ཚུལ་སོགས་ལུང་གི་ཡོན་ཏན་དང་། རྟོགས་པའི་ཡོན་ཏན་ཇི་ལྟར་མངའ་ཚུལ། མཐར་མྱ་ངན་ལས་འདའ་བའི་དུས་སུ་ངོ་མཚར་ཇི་ལྟར་བྱུང་བའི་ཚུལ་རྣམས་བླ་མ་དཔལ་ལྡན་ཚུལ་ཁྲིམས་དང་། ལོ་ཆེན་བྱང་རྩེ། ཀརྨ་བྱམས་ཆོས་སོགས་ཀྱིས་མཛད་པའི་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལས་རྒྱས་པར་འབྱུང་བའི་ནང་ནས་རགས་པ་ཙམ་ཞིག་བྲིས་པ་ཡིན་ལ། རྒྱས་པར་རྟོགས་པར་འདོད་ན་སྐལ་ལྡན་བློ་གསལ་རྣམས་ཀྱིས་རྣམ་ཐར་དེ་དག་ལ་ཞིབ་ཏུ་བལྟས་ལ་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་གྱི་རྗེས་སུ་འཇུག་པར་བྱའོ། །
ཉི་མ་རྒྱལ་མཚན་ནམ་ཀུན་དགའ་རྒྱལ་མཚན།
དེ་ལྟ་བུའི་བླ་མ་བདག་ཉིད་ཆེན་པོ་བསོད་ནམས་རྒྱལ་མཚན་མཆེད་གསུམ་གྱི་ནང་ནས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་བཙུན་མོ་ཞ་ལུ་མ། མིང་ཡོན་ཏན་དཔལ་འབུམ་ཞེས་བྱ་བ་ལ་སྲས་ཉི་མ་རྒྱལ་མཚན་ཞེས་བྱ་བ་དང་། ཟླ་བ་རྒྱལ་མཚན་ཞེས་བྱ་བ་མཆེད་གཉིས་འཁྲུངས་པའི་གཅེན་ཉི་མ་རྒྱལ་མཚན་གཞོན་ནུ་ལ་གཤེགས་ཤིང་།
ཟླ་བ་རྒྱལ་མཚན།
གཅུང་ཟླ་བ་རྒྱལ་མཚན་གྱིས་ཐོག་མར་གདུང་སྤེལ་མཛད་པས་སྲས་ལྕམ་སྲིང་བཞི་འཁྲུངས་ནས། དེ་ནས་རབ་ཏུ་བྱུང་ཏེ་མཚན་ཀུན་དགའ་རྒྱལ་མཚན་དང་། ཕྱིས་བླ་ཆེན་གྱི་མཚན་གསོལ་ནས་བླ་ཆེན་ཀུན་དགའ་རྒྱལ་མཚན་དུ་གྲགས། དེ་ཡང་བླ་ཆེན་འདི་ཤིང་ཕོ་སྤྲེའུའི་ལོ་ཞ་ལུ་ཁང་གསར་དུ་སྐུ་འཁྲུངས་ནས། ཀློག་ཡིག་སོགས་ཚེགས་མེད་དུ་མཁྱེན་ཅིང་། གཞོན་ནུ་ནས་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་