[A:༡༨ན]སྒྱི་ཆུ་བ་ཡང་རྗེ་འདི་ལ་ཐུགས་གཙིགས་ཆེ་སྐད་དོ། །དེ་ཙ་ན་མདོག་སྟོད་དུ་ཆོས་འཁོར་ཅིག་ལ་བླ་མ་སེ་བྱོན་ཟེར་བ་ཐོས་པས། བླ་ཆེན་དེ་ལྟད་མོ་ལ་སོགས་པ་ལ་མི་དགེས་ཀྱང་བླ་མ་སེ་བཟང་པོ་ཡིན་པ་དང་། ཆོས་དབར་ཡིན་པས་སྒྱི་ཆུ་བའི་སློབ་མ་བན་ཆུང་འགའ་དང་འགྲོགས་ཏེ་དེར་བྱོན་པས། བླ་མ་སེ་གྲལ་མགོ་ན་བཞུགས་འད་འུད་མང་པོ་གསུང་གིན་འདུག་པ་དང་མཇལ་བ་ན། བླ་མ་སེ་མཁར་ཆུང་པའི་རྗེའི་གྲོགས་པོ་ཚོ་ལ་རེ་རེ་ནས་ཇོ་སྲས་ཉིད་ཡུལ་གང་ཡིན། ཡོན་ཏན་ཅི་ཤེས། བཤད་པ་མནོ་འམ། བསྒྲུབ་པ་བྱ་མནོ་གསུངས་ཤིང་། དེ་ནས་བླ་ཆེན་ལ་ཇོ་སྲས་ཁྱེད་གང་ནས་ཡིན་གསུངས་པས། བླ་མ་འདིའི་བདག་གྲོམ་ཕུག་ཕ་གི་བ་ཅིག་ལགས་ཞུས་པས། །དེའི་ཡབ་གང་ན་ཡོད་གསུངས་པ་ལ། ས་སྐྱ་ན་བདོག་བྱས་པས། སེ་སྟོན་གྱི་ཞལ་ནས་འོ་ན་དེ་ན་ངའི་བླ་མ་ཅིག་ཡོད་པ་ཡིན་ཏེ་སྐུ་ནི་གཤེགས་ཡོད་པར་འདུག ང་ལ་ཁྲལ་འདོད་པ་ཅིག་ཀྱང་མ་བྱུང་། ད་ནི་བ་རི་བ་ཡམ་བྱ་བ་ཅིག་གིས་བཟུང་འདུག་ཟེར་བ་ཐོས་པས་འགྲོ་སྙིང་ཡང་མ་འདོད། ད་དེའི་ཤུལ་ན་ཇི་ལྟར་ཡོད་གསུངས་པས། རྗེ་འདིས་དེའི་བུའི་དོད་ཅིག་ཀ་བདག་ཅག་ལགས་བྱས་པས། བླ་མ་ན་རེ། ཇོ་སྲས་ཀྱི་བརྫུན་མ་ཟེར། ངའི་བླ་མ་ལ་སྲས་མི་མངའ་བ་ཡིན་གསུངས་པ་དང་། རྡོ་རྗེ་ཕྱུག་མོ་ལ་མེད་པས་བླ་ཆེན་གྱིས་ལན་འདེབས་མ་ནུས་པ་ལ། གྲོགས་ཀུན་གྱིས་རྒྱུ་མཚན་བཤད་དེ། རྡོ་རྗེ་ཕྱུག་མོ་ལ་མེད་ཀྱང་ལོགས་སུ་ཞང་མོ་བྱ་བ་ལ་འདི་ལྟར་བྱོན་པ་ལགས་བྱས་པས། བླ་མའི་ཞལ་ནས་མི་གསོན་ཤི་མི་འཕྲད་ཟེར་ཏེ་འཕྲད་པའི་དུས་བྱུང་གསུངས་ནས། བླ་ཆེན་