[A:༡༨བ]པང་དུ་བཞེས་སྤྱན་ཆབ་ཕྱུང་ནས་རྒད་པོ་གོག་པོ་འདིའི་ནང་ན་ཆོས་ཡོད་པས་ཁྱོད་ལ་སྟེར་བ་ཡིན་པས་མྱུར་དུ་ཤོག ག་ལེ་ཡོང་སྙམ་ན་སང་ཕོད་ང་ནི་འཆི་བ་ཡིན་གསུངས་ནས་བླ་ཆེན་གྱིས་དེར་ཞག་གཅིག་བཞུགས། དེའི་བར་ལ་བླ་མ་སེས་ལམ་འབྲས་བུ་དང་བཅས་པ་འདི་ལ་དཀྱུས་སུ་བཤད་པ་འདི་ཙམ་ཞིག་ཡོད། དེ་ལ་འཕྲོས་དང་གེགས་སེལ་ལ་སོགས་པ་འདི་ལྟར་ཡོད་ཀྱི་རྐང་གྲངས་ལམ་མེ་བ་ཅིག་གསུངས། དེ་ནས་ཡར་བྱོན་ནས་མཁར་ཆུང་དུ་བཞུད་དགོངས་ཏེ་ཁྲེས་པོ་ཚུན་ཆོད་གྲབ་ཡོད་ཙ་ན། ཁོང་གི་གྲྭ་རོགས་སྟོན་པ་རྡོ་རྗེ་འོད་དང་། ཞང་བཙུན་ར་ཙ་བྱ་བ་གཉིས་ན་རེ། བླ་མ་འདིས་གྲྭ་པ་འདི་ཙམ་གྱི་ནང་ནས་ཁྱོད་ཁོ་ན་ལ་ཐུགས་ལ་འདོགས་པར་འདུག སྤྱིར་ཡང་གསང་སྔགས་པ་བྱ་བ་གང་ཡང་བླ་མ་ལ་ཞུ་དགོས་པ་ཡིན་པས། བླ་མ་ལ་ཞུས་ལ་སོང་ཟེར་བས་བདེན་སྙམ་ནས་སྒྱི་ཆུ་བ་ལ་ཞུས་པས། བླ་མའི་ཞལ་ནས་ཁྱོད་ཅི་ལ་འགྲོ་གསུངས། གདམས་ངག་ཅིག་ཞུ་བ་ལགས་བྱས་པ་ལ། ཁྱོད་ཚོད་མ་ཆུང་། དེ་ནི་སེ་ལྕེ་ལ་རེ་བྱ་བ་ཡིན་གདམས་ངག་ཅི་ཡང་མེད། ངའི་བླ་མ་མངའ་རིས་པའི་ཆོས་ཀྱི་གྲལ་གྲུལ་འདྲ་བསྒྲུགས་ནས་འཆད་པ་ཡིན་གསུངས་ནས་འགྲོར་མ་གནང་། དེར་བླ་མས་མ་གནང་བར་འགྲོ་བའི་ཆ་མ་ཡིན་ཏེ། འོན་ཀྱང་སང་ཕོད་འགྲོ་སྙམ་ཙ་ན་སེ་གསུངས་པ་བདེན་ཏེ་སྐུ་འདས་པ་དང་། ཐུགས་འགྱོད་དེ་བྱ་ཐབས་ནི་མེད། དེ་ནས་དུས་རིང་ཞིག་ན་བླ་མ་སྒྱི་ཆུ་བ་ས་སྐྱར་གདན་དྲངས་ནས་ཆོས་འཁོར་བྱ་དགོངས་ཏེ། ནས་ཁལ་སུམ་བརྒྱ་ཙམ་དང་། གཞན་ཡང་ཆ་རྐྱེན་མང་དུ་བསྒྲུབས། སློབ་མ་འགའ་ཡང་བསྡུས་ནས་ཡོད་ཙ་ན། བླ་མ་སྒྱི་ཆུ་བ་བསྙུངས་པས་བླ་