[A:༡༧༦ན]ཆེན་པོ་མཛད་ནས། དགུང་ལོ་བདུན་ཅུ་དོན་ལྔ་པ་ལ་ཤབ་དགེ་སྡིངས་ཆོས་ཀྱི་ཕོ་བྲང་ཆེན་པོ་དེ་ཉིད་དུ་སྐུ་གཤེགས་སོ། །ཡང་ཉི་ལྡེ་བས་དོན་དྲུག་པ་ལ་གཤེགས་ཞེས་ཀྱང་བཤད་དོ།།
ནམ་མཁའ་རྒྱལ་མཚན།
བླ་ཆེན་ཀུན་དགའ་རྒྱལ་མཚན་དེ་ཉིད་ཀྱིས་བསྙེན་རྫོགས་མ་མཛད་གོང་དུ་མ་གཅིག་ཞ་ལུ་མ་ནམ་མཁའ་རྒྱལ་མོར་གྲགས་པ་ཁབ་ཏུ་བཞེས་ཏེ་སྲས་ལྕམ་སྲིང་བཞི་འཁྲུངས་པའི་ཆེ་བ་བདག་ཆེན་འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་ཞེས་བྱ་བ་ས་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས་པ་ཡིན་ཞིང་། འདི་ཡང་སྐྱེས་སྟོབས་ཀྱི་མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་བས་འབྲི་ཀློག་ལ་སོགས་པ་ཚེགས་མེད་དུ་མཁྱེན་ཅིང་། གདུགས་གཉིས་ལ་བརྟག་གཉིས་ཐུགས་སུ་ཆུད། ཉིན་གཅིག་ལ་འཁོར་ལོ་བདེ་མཆོག་གི་སྒྲུབ་དཀྱིལ་ཐུགས་སུ་ཆུད་པས་ཀུན་གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། མཁན་ཆེན་བསོད་ནམས་རྒྱལ་མཆོག སྦས་པའི་རྣལ་འབྱོར་པ་རྡོ་རྗེ་རྒྱལ་མཚན་སོགས་བླ་མ་དམ་པ་དུ་མ་བསྟེན་ནས། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས་ཤིང་ཟབ་དོན་རྒྱ་མཚོའི་མངའ་བདག་ཏུ་བཞུགས་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་སྤྲུལ་དུ་ཡང་གྲགས་ཤིང་། ས་སྐྱ་པའི་བསྟན་སྲུང་རྣམས་བྲན་དུ་འཁོལ་ནུས་པའི་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ། དགུང་ལོ་བདུན་བཅུ་རྩ་ལྔ་པ་ཆུ་ཕོ་འབྲུག་གི་ལོ་ལ་གཞི་ཐོག་བླ་བྲང་དུ་བདེ་བར་གཤེགས་ཤིང་། ཡང་རྣམ་ཐར་འགའ་ཞིག་ལས་མེ་མོ་གླང་ལ་སྐུ་འཁྲུངས་ནས། བདུན་ཅུ་དོན་དྲུག་པ་ལ་ཞི་བར་གཤེགས་ཞེས་འབྱུང་