R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༨ན
[A:༡༧༨ན]དང་ནུས་པས་གྲུབ་པའི་མཚན་མ་ཕྱོགས་མེད་དུ་བསྟན་ཏེ། མཐར་ཤིང་ཕོ་སྟག་གི་ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་ཤབ་དགེ་སྡིངས་སུ་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་པ་ཡིན་ལ། དེའི་ཚེ་ན་ཡང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བར་གྲགས་སོ། །
དེ་ལྟ་བུའི་བདག་ཉིད་ཆེན་པོ་རྒྱ་དཀར་ཤེས་རབ་རྒྱལ་མཚན་དུ་གྲགས་པ་དེའི་གཅུང་བློ་གྲོས་རྒྱལ་མཚན་དུ་གྲགས་པ་ནི། ཡབ་འཇམ་དབྱངས་ཆེན་པོདགུང་ལོ་བཞི་བཅུ་ཞེ་བརྒྱད་བཞེས་པ་མིག་དམར་ཞེས་བྱ་བ་ཤིང་ཕོ་བྱི་བའི་ལོ་ལ། བོད་ཆོལ་ཁ་གསུམ་ལས་བར་གྱི་ཆ། དབུས་གཙང་རུ་བཞི་ལས་གཡས་རུ་གཙང་གི་སའི་ཐིག་ལེ། ཤབ་སྒོ་ལྔ་གཞུང་གསུམ་ཞེས་བྱ་བའི་ཡུལ་གྱི་དབུས་ས་གཞི་ལག་མཐིལ་ལྟར་སྙོམས་ཤིང་། ཕྱོགས་དང་ཕྱོགས་མཚམས་ཀྱི་ཡུལ་གྲུ་ཆེན་པོ་དག་ན། ལྗོངས་དང་། ཡུལ་འཁོར་དང་། གྲོང་ཁྱེར་དང་། སྐྱེ་བོའི་མདུན་ས་དང་། སྨན་ལྗོངས་དང་། ནེའུ་གསིང་ཡིད་དུ་འོང་བ་ལ་མེ་ཏོག་སྣ་ཚོགས་ཆེད་དུ་བཀྲམ་པ་བཞིན་ཡོད་པ། ལྗོན་ཤིང་གི་ར་བ་འཁྲིགས་པའི་ཡལ་ག་དང་། ལོ་མ་དག་ལ་བརྟེན་པའི་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། འབྲུ་བཅུད་དང་ལོ་ཐོག་ཕུན་སུམ་ཚོགས་པས་སྐྱེ་དགུ་ཐམས་ཅད་བདེ་བར་འཚོ་བ། ཆུ་ཀླུང་ཆེན་པོ་རླབས་ཀྱི་ཕྲེང་བ་ཅུང་ཟད་དང་བཅས་པས་དཀྱིལ་འཁོར་གྱི་མདུན་ངོས་སུ་བབས་པ། བྱམས་མགོན་གྱི་རྣམ་འཕྲུལ་ཁྲོ་ལོ་ཆེན་པོའི་གཙུག་ལག་ཁང་དང་ཁད་ཉེ་བའི་ས་ཕྱོགས། རྗེ་བཙུན་གོང་མ་དག་གི་ཞབས་ཀྱིས་བཅགས་ཤིང་བདག་གིར་མཛད་པའི་གནས། ཤབ་དགེ་སྡིངས་ཀྱི་སའི་ཆ་ལྕམ་མོ་གཡང་གློང་