R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༧བ
[A:༡༧༧བ]གཏོལ་མེད་དུ་གྱུར་པ་ན། བླ་མ་འདིས་དཀོན་མཆོག་དང་ཆོས་སྐྱོང་སྲུང་མ་ལ་གསོལ་བ་བཏབ་བདེན་བདར་བརྗོད་ནས་ནང་པར་བྱོན་པའི་ཚེ། འབྲོང་གི་རྨིག་རྗེས་ཤར་གྱིས་དོད་པ་ཅིག་འདུག་པའི་རྗེས་བཅད་ནས་ཕེབས་པས། འབྲོང་སུམ་ཅུ་ཙམ་ཞིག་ལ་ཐོག་ཏུ་བྱུང་སྟེ་གངས་རྣམས་ཕར་གཤགས་ཚུར་གཤགས་ནས་སོང་བ་ན། དེ་དག་གི་རྗེས་བཅད་ནས་བདག་ཉིད་ཆེན་པོ་སློབ་ཚོགས་རྣམས་ཀྱིས་ཀྱང་བྱོན་པས་ལམ་བདེ་བར་བགྲོད་དེ་སྐྱོན་མེད་དུ་འཐོན་ཞེས་གྲགས་པ་དང་། གཞན་ཡང་ལམ་ནོར་ཅུང་ཟད་བྱུང་བའི་ཚུལ་རྣམས་ལ་ཡང་རི་དྭགས་རྐྱང་དང་ཤ་བ་ལ་སོགས་པས་ལམ་སྣ་བསྟན་པ་སོགས་ངོ་མཚར་མཐའ་ཡས་ཤིང་། གཞན་ཡང་བོད་ཀྱི་སའི་ཆ་དབུས་གཙང་དུ་ཕེབས་ནས་ཡང་ཁང་པ་འཇིག་ངེས་པ་ཁ་ཅིག་ཚོན་སྐུད་ཀྱིས་བཅིངས་པས་གཡོ་མེད་དུ་གནས་པ་དང་། མ་རུངས་པ་དག་གིས་ཆུས་བསྐོར་བ་ན་ན་བཟའི་གཡབ་མོ་བརྡབས་པས་རྫིང་ཆེན་པོ་ཕྱོགས་མེད་དུ་རལ་བ་དང་། ངན་པ་འགའ་ཞིག་གིས་བདག་ཉིད་ཆེན་པོ་འདི་བཞུགས་པའི་བླ་བྲང་ལ་དམག་གིས་བསྐོར་ནས་རུང་བ་མ་ཡིན་པའི་ལས་བྱས་པ་ན། བླ་མ་འདིས་ཆོས་སྐྱོང་ལ་འཕྲིན་ལས་དྲག་ཏུ་བཅོལ་བས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྐུ་བརྙན་བླ་མ་འདིའི་ཐུགས་དམ་མཛད་པའི་རྟེན་ཅིག་ཡོད་པ་དེས་སྒར་གྱི་མཐར་ཉུལ་ཏེ་ལྷ་མོའི་སྐུ་ལས་རྡུལ་འཐོན་པ་བྱུང་ཞིང་། དེ་ནས་ངན་པ་དེའི་སྒར་དུ་ནད་ཆེན་པོ་བྱུང་སྟེ་མི་མང་པོ་ཤི་བ་ན། ལྷ་མོའི་སྐུ་བརྙན་དེ་ལ་དེ་ནས་བཟུང་སྟེ་ལྷ་མོ་རྡུལ་རིས་མ་ཞེས་གྲགས་ཏེ། དེང་སང་ཡང་དགེ་སྡིངས་མགོན་ཁང་ན་བཞུགས་པ་འདི་ཉིད་ཡིན་ནོ་ཞེས་ཀྱང་གྲག་གོ །དེ་ལྟར་མཐུ་