R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༨བ
[A:༡༧༨བ]ཞེས་བྱ་བར་སྐུ་འཁྲུངས་པར་གྱུར་ཏེ། དེའི་ཚེ་ཡུམ་གྱི་གཟིགས་སྣང་ལ། མདུན་ན་རྒྱ་ནག་གི་ཤིང་ཁྲི་བཀོད་པ་ཤིན་ཏུ་ལེགས་པ་ཅིག་གི་སྟེང་ན་བུད་མེད་དམར་མོ་གསེར་གྱི་དབུ་རྒྱན་ཅན་རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པས་ཁྲོ་འཛུམ་གྱི་རྣམ་པ་ཅན་ཞིག་ཁྱེལ་བྱས་པའི་ལག་པ་གཉིས་ན་ཟངས་གཞོང་པདྨ་དམར་པོས་ཕྱུར་བུར་ཁེངས་པ་བཟུང་ནས་འདུག་པ་ཅིག་གཟིགས་ཤིང་། འཁྲུངས་མ་ཐག་ནས་དབུ་གདུགས་ཀྱི་རྣམ་པ་དང་། དཔྲལ་བའི་དབྱེས་མཐོ་བ་སོགས་མཐོང་ན་མི་མཐུན་པ་མེད་པ། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་སྐུ་ལུས་དཀར་ཞིང་འོད་འཕྲོ་བ། ཞི་ཞིང་དེས་པའི་ངང་ཚུལ་འཛུམ་དང་ལྡན་པ་ཞིག་བྱུང་ནས། མཚན་མཁན་ལ་བསྟན་ཏེ་ཇི་ལྟར་ལུང་བསྟན་པ་ལྟར་གཤིན་རྗེ་ཚེ་བདག་གི་ཐང་སྐུའི་སྐུ་ལུས་ཅུང་ཟད་འདྲིལ་བ་དང་། ར་དཀར་མོའི་ནུ་ཞོ་བླུད་པ་སོགས་བྱས་ཤིང་། གཞོན་ནུ་ཉིད་ནས་ཐ་མལ་པའི་བྱིས་པའི་སྤྱོད་པ་ལས་འདས་པས་ཐོ་ཅོའི་སྤྱོད་པ་སྤངས་ནས་དུལ་ཞིང་ཡིད་གཞུངས་ལ་ཆོས་དང་མཐུན་པའི་རྩེ་དགས་དུས་འདའ་བ་དང་། རང་བཞིན་གྱི་བརྐམ་ཆགས་ཆུང་ཞིང་ཆོས་ལ་ཐུགས་འགྲོ་བ། དབེན་པ་འབའ་ཞིག་བསྟེན་པས་བག་ཆགས་ཆེད་དུ་སད་པས། གཡའ་རི་གངས་རི་སོགས་མཐོ་ཞིང་སྤྲིན་དང་ན་བུན་གྱིས་གཏིབས་པ་གཟིགས་པ་ན་དགེས་ཚོར་ཆེན་པོ་མཛད་པ་དང་། ང་ཡ་གིར་ཅིས་ཀྱང་འགྲོ་གསུང་བ་སོགས་དང་། གཞན་ཡང་བུ་རྫིས་རྒྱབ་ཏུ་སྤྱན་དྲངས་པ་ན་མི་ནག་ཁྱི་ནག་འདི་ལྟར་འདུག་གསུང་བ་མང་དུ་བྱུང་བས། རྗེ་བཙུན་ཡབ་ལ་ཞུས་པ་ན། ངེད་ཀྱི་བརྒྱུད་པ་རྣམས་ལ་ཆུང་ངུ་ནས་ཆོས་སྐྱོང་གི་རྣམ་འཕྲུལ་མང་པོ་མཐོང་བ་