[A:༡༧༩ན]ཞིག་ཡོང་གིན་ཡོད་པས་དེ་ལྟར་ཡིན་གསུང་བ་དང་། དུས་ཅིག་གི་ཚེ་ཡབ་ཡུམ་གཉིས་ལ་རྗེ་འདིས་བདག་མིང་སྲིང་རྣམས་དེ་རིང་རྩེད་མོ་ལ་ཕྱི་རོལ་དུ་ཅིས་ཀྱང་གཏོང་བར་ཞུ་ཞེས་ནན་གྱིས་ཞུས་པས། ཡབ་ཀྱིས་ཀྱང་མཚམས་དམ་པར་ཡོད་ནའང་གང་ཡིན་མི་ཤེས་པས་དེ་ལྟར་གྱིས་གསུངས་ནས་གནང་། དེར་ཕྱི་རོལ་དུ་ལྕམ་སྲིང་རྣམས་ཕེབས་རྗེས་ས་གཡོས་ཤིན་ཏུ་ཆེ་བ་ཞིག་བྱུང་ནས་སྔར་གྱི་གཟིམས་ཁང་དེ་ཉིད་རྡིབས་པས། ཀུན་གྱིས་མངོན་མཁྱེན་ཐོགས་མེད་དུ་མངའ་བ་མཐུན་གྲུབ་ཅིང་། འཁྲུངས་མ་ཐག་པའི་དུས་སུ་ཐང་སྐུའི་སྐུ་དྲིལ་བ་སོགས་ཀྱང་ཕྱིས་ཤིན་ཏུ་གསལ་བར་དྲན་པ་བྱུང་ཞེས་གྲགས་ཏེ། དེ་ནས་དགུང་ལོ་གཉིས་གསུམ་ནས་དྲུག་གི་བར་དུ་ཡབ་ཡུམ་གྱི་དྲུང་ཁོ་ནར་བཞུགས་ཏེ། དེའི་སྐབས་སུ་བླ་བྲང་གུང་པའི་དགེ་བཤེས་ཅིག་གིས་འདྲི་ཀློག་སོགས་བརྡ་ཙམ་ཕུལ་བས་ཐོགས་མེད་དུ་ཕུལ་དུ་ཕྱིན་པ་མཁྱེན་ཅིང་། རྗེ་བཙུན་ཡབ་ཉིད་ལ་གསུང་ངག་རིན་པོ་ཆེ་ཡང་ཕུར། དཀར་བདུད། དམར་པོ་སྐོར་གསུམ། ཆོས་སྐྱོང་ཆེ་ཆུང་གཉིས་རྣམས་ཀྱི་ཆོས་སྐོར་དང་། དུར་ཁྲོད་བདག་པོའི་ཆོས་སྐོར། ལས་མཁན་པུ་ཏྲ་མིང་སྲིང་གི་རྗེས་གནང་། ཚེ་དཔག་མེད་ལྷ་དགུའི་དབང་། སྒྲོལ་དཀར་གྱི་རྗེས་གནང་སོགས་དབང་ལུང་བྱིན་རླབས། རྗེས་གནང་མན་ངག གཞན་ཡང་དབྱངས་རོལ་གར་འཆམས་ལ་སོགས་པའི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཞིབ་ཆ་དང་བཅས་པ་སྐུ་ཆུང་ངུ་ཉིད་ནས་ལེགས་པར་གསན་ཅིང་། ཁྱད་པར་ཡབ་ཉིད་ཀྱིས་སྲས་དང་སློབ་མ་གཞན་སུ་ལ་ཡང་མ་གནང་བའི་དཔལ་ལྡན་ས་སྐྱ་པའི་བསྟན་སྲུང་རྣམ་པ་གཉིས་ཀྱི་ཐུན་མོང་མ་