[A:༡༨༠བ]ནས་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་མཐའ་དག་ཆོད་ཅིང་ཐུགས་སུ་ཆུད་པ་མཛད་པ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་སེམས་བསྐྱེད། གསུང་ངག་རིན་པོ་ཆེ་ཆ་ཚང་། རྒྱབ་ཆོས་པོད་ནག་མའི་ལུང་། ལམ་སྐོར་ཕྱི་མ་བརྒྱད། བླ་མའི་རྣལ་འབྱོར། བིརྺ་པའི་བྱིན་རླབས་སྲུང་བ་དང་བཅས་པ། དཔལ་དུས་ཀྱི་འཁོར་ལོའི་དབང་དང་། སྦྱོར་དྲུག་གི་ཁྲིད། གསང་འདུས་འཕགས་ལུགས་ཀྱི་དབང་། རིགས་ལྔའི་སྨར་ཁྲིད། གཞན་ཡང་གཤེད་དམར་ལྷ་ལྔ། ཕྱག་རྡོར་འཁོར་ཆེན། ཚེ་དཔག་མེད་བུ་ལུགས་ལ་སོགས་པ་དབང་གི་རིགས་དུ་མ་དང་། དམ་པ་སངས་རྒྱས་ཀྱི་བཀའ་འབུམ་གྱི་ལུང་ལ་སོགས་པ་མདོར་ན་རྒྱུད་སྡེ་བཞི་དང་འབྲེལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཅིང་། དེའི་ཚེ་དཔལ་ལྡན་ས་སྐྱ་ནས་བདག་ཆེན་ཀུན་དགའ་དབང་ཕྱུག་པས་གཞི་ཐོག་གི་གདན་སར་འབྱོན་དགོས་པའི་ཞལ་ཏ་ཕེབས། འཇམ་དབྱངས་དཀོན་མཆོག་བཟང་པོ་དང་། རྒྱལ་རྩེ་བས་ཀྱང་བསྐོར་ཡང་མཐུན་སྦྱོར་ཡང་དག་མཛད་དེ། དགུང་ལོ་བཅུ་བཞི་པ་མེ་མོ་གླང་གི་ལོ་ལ་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། བདག་ཆེན་གྲགས་པ་རྒྱལ་མཚན་པ་ཁམས་ནས་བྱོན་པ་དང་ལྷན་ཅིག་ཏུ་གདན་ས་ཆེན་པོར་ཆག་ཕེབས་ཏེ། རྗེ་བཙུན་ཀུན་དགའ་དབང་ཕྱུག་ཉིད་རབ་ཏུ་དགེས་པའི་གསུང་གིས། རྗེ་འདི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་དམ་པར་དབང་བསྐུར། དེའི་ཚེ་རྗེ་བཙུན་དེ་ཉིད་ཀྱི་དྲུང་དུ་དཔལ་ཀྱེ་རྡོ་རྗེའི་བཀའ་བབས་བཞིའི་དབང་བསྐུར་བ་སོགས་གསན་ཅིང་། གཞན་ཡང་སྔ་ཕྱིར་བདག་མེད་མའི་དབང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཀུ་རུ་ཀུལླེའི་བྱིན་