[A:༡༨༡ན]རླབས། འདོད་རྒྱལ་གྱི་རྗེས་གནང་། དེ་གཉིས་དང་འབྲེལ་བའི་ཡི་གེ་ངོར་ལུགས་མར་གྲགས་པ་ཆ་ཚང་གི་ལུང་། ནག་པོ་ཆེན་པོ་ལྷ་བརྒྱད། དཔལ་མགོན་ཞལ་བཞི་པ། པུ་ཏྲ་མིང་སྲིང་རྣམས་ཀྱི་རྗེས་གནང་། དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེའི་ལུང་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་བརྒྱུད་པ་ཆ་ཚང་། བདག་ཆེན་ཀུན་རིན་པ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་མན་ངག་འགའ་ཞིག་དང་བཅས་པ་གསན་ཏེ། དེའི་སྐབས་སུ་རྗེ་བཙུན་ཀུན་དགའ་དབང་ཕྱུག་པ་དེས་རྗེ་འདི་ལ་ཁྱེད་ཀྱིས་གདན་སའི་འཛིན་སྐྱོང་ཚུལ་བཞིན་དུ་མཛད་དེ་སྡེ་འདི་ལ་གང་ཕན་དང་། ཁྱད་པར་རྗེ་སེམས་དཔའ་ཆེན་པོའི་དྲུང་དུ་ངོར་ལུགས་ཀྱི་ལམ་འབྲས་སོགས་གསན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེ་བ་ཞིག་མཛད་དགོས། དེ་བཞིན་མ་མཛད་ན་ངའི་བློ་ཁ་མི་རྫོགས་པ་ཡོད་དོ་གསུངས་པ་སོགས་ལུགས་གཉིས་ཀྱི་སྒོ་ནས་ཐུགས་བརྩེ་བས་སྐྱོང་བར་མཛད་ཅིང་། དེ་ནས་དགུང་ལོ་བཅོ་ལྔ་པ་ས་ཕོ་སྟག་གི་ལོ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཞེས་མཚན་ཡོངས་ལ་གྲགས་པ་དེ་ཉིད། ཨེ་ཝཾ་གྱི་གདན་ས་འཕྲོད་ནས་མུས་ལ་ཕེབས་པའི་ལམ་ཞོར་ལ། གྲུབ་པ་མཆོག་གི་གནས་བར་སྡིངས་ཞེས་བྱ་བར་གདན་དྲངས་ཏེ། མཁན་པོ་འདུལ་བ་འབུམ་སྡེའི་མངའ་བདག་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཡོངས་ཀྱི་གཙུག་གི་ནོར་བུ་སེམས་དཔའ་ཆེན་པོ་དེ་ཉིད་དང་། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཉིད་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་དཔལ་གྱི་རྣམ་པར་རོལ་པ། བདག་ཆེན་ཆོས་ཀྱི་རྗེ་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་པས་ལས་ཀྱི་སློབ་དཔོན། འདུལ་བ་འཛིན་པ་སངས་