[A:༡༨༥བ]འབུལ་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་དང་བཅས་གདན་ས་ཆེན་པོར་གེགས་མེད་དུ་ཕེབས། རྗེ་བཙུན་འཇམ་དབྱངས་ཆེན་པོ་ཡབ་སྲས་ཀྱིས་གཙོ་མཛད་གདན་ས་ཆེན་པོར་བཞུགས་པ་རྣམས་ལ་འབུལ་བའི་དངོས་པོ་ཚད་ལས་འདས་པ་ཕུལ་ཞིང་རྟེན་སོ་སོ་ལ་ཡང་སྙན་དར་ལ་སོགས་པ་མཆོད་པ་རྒྱ་ཆེན་པོ་མཛད་དེ། དེ་ནས་ཆུ་ཕོ་འབྲུག་གི་ལོ་ལ་ཡབ་འཇམ་དབྱངས་ཆེན་པོ་སྐུ་གཤེགས་པའི་གཤེགས་རྫོང་རྒྱ་ཆེན་པོ་བསྒྲུབས། གཞི་ཐོག་བླ་བྲང་ཆོས་གཞིས་དང་བཅས་པ་ཐམས་ཅད་གཅེན་ལ་ཕུལ་ཏེ། བདག་ཉིད་བྱ་བྲལ་ཁོ་ན་ལ་ཐུགས་གཏད་ནས། འཇམ་དབྱངས་དཀོན་མཆོག་བཟང་པོའི་དྲུང་དུ་སླར་ཡང་ངེས་དོན་གྱི་ཉིང་ཁུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་བཀའ་དྲིན་གསན་ཅིང་། ལོ་དེའི་ཧོར་ཟླ་བཅུ་པ་ལ་རྒྱལ་མཁར་རྩེ་ནས་སྤྱན་དྲངས་ཏེ་ནོར་བུ་ཁྱུང་རྩེར་ཕེབས་ནས། དཔོན་བློན་རྣམས་ལ་གསུང་ཆོས་ཀྱི་བཀའ་དྲིན་སྩལ། དེ་ནས་སླར་ཡང་མུས་སུ་ཕེབས་ནས་རྗེ་སེམས་དཔའ་ཆེན་པོའི་སྐུ་གདུང་མཇལ་བ་དང་། རྗེ་སངས་རྒྱས་དཔལ་བཟང་། གྲུབ་ཆེན་དཀོན་མཆོག་བློ་གྲོས། ཆོས་རྗེ་བློ་རིན་པ་རྣམས་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཆོས་སྐོར་དུ་མ་ཞིག་གསན་པ་དང་། རྗེ་ཉིད་ཀྱིས་ཀྱང་དམ་པ་དེ་དག་ལ་གསུང་ཆོས་ཀྱི་བདུད་རྩི་ཅི་ཡང་ཞིག་སྩལ་ཞིང་། ཡང་བར་སྐབས་སུ་རྗེ་བཙུན་གཅེན་གྱི་དྲུང་དང་། ཐེག་ཆེན་ཆོས་རྗེའི་ཞལ་སློབ་ཆོས་རྗེ་དཔལ་ལྡན་ལེགས་པའི་ཞབས་དང་། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ལ་སོགས་པ་རྣམས་ལ་ཡང་ཆོས་ཀྱི་སྒོ་དུ་མ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། གསན་པ་དེ་དག་ཀྱང་ཚིག་དོན་ལ་སྒྲོ་