[A:༡༨༦ན]འདོགས་ལེགས་པར་བཅད་དེ་ཉམས་སུ་བཞེས་པར་མཛད་པ་ཡིན་ཏེ། དུས་རྒྱུན་དུ་ཉིན་ཞག་རེ་རེ་ཉམས་བཞེས་ཀྱི་རིམ་པའང་། ལམ་ཟབ་མོ་བླ་མའི་རྣལ་འབྱོར། ཀྱེ་རྡོ་རྗེའི་བསྐྱེད་པའི་རིམ་པ་ལམ་དུས་ཀྱི་དབང་བླང་བ་དང་བཅས་པ་བཟླས་བརྗོད་ཀྱིས་མཐའ་བརྒྱན་པ། ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ། བིར་སྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ། ལཱུ་ནག་དྲིལ་གསུམ་གྱི་བསྐྱེད་རྫོགས་བཟླས་པ་དང་བཅས་པ། གཤེད་དམར་ལྷ་ལྔའི་བསྐྱེད་རིམ། རྫོགས་རིམ་སྤྲོས་མེད་ཀྱི་རྣལ་འབྱོར་དང་བཅས་པ། འཇིགས་བྱེད་བསྐྱེད་རིམ་བཟླས་བཅས་ཐུན་བཞིའམ་གཉིས་གང་རུང་རེ་དང་། གཞན་ཡང་ཚེ་དཔག་མེད་ལ་སོགས་པ་ལྷའི་རྣལ་འབྱོར་ཕྲ་མོ་དུ་མ་དང་། མཎྜལ་སྒྲུབ་མཆོད་སྔོན་དུ་འགྲོ་བའི་སྒོ་ནས་བསྟན་སྲུང་རྣམས་ལ་མཆོད་གཏོར་འབུལ་བ། བསྐང་གསོའི་རིམ་པ་དང་བཅས་པ་མ་ཆག་པ་མཛད་ཅིང་། དེ་དག་གི་མཚམས་སུ་བཟླས་པ། གཏོར་མ། ཀློག་པ། ཚ་ཚ་འདེབས་པ། བསྐོར་བ་མཛད་པ། སྣོད་ལྡན་ལ་ཆོས་འཁོར་བསྐོར་བ་སོགས་མདོར་ན་ཆོས་སྤྱོད་བཅུས་དུས་འདའ་བ་དང་། དེ་དག་ཀྱང་ལྟ་བའི་རྩིས་ཟིན་པར་མཛད་པ་ཞིག་གོ །དེ་ལྟ་བུའི་བདག་ཉིད་ཆེན་པོ་འདི་ནི་རྗེ་ས་སྐྱ་པ་ཆེན་པོ་ཉིད་སླར་ཡང་རང་གི་རིགས་སུ་རྣམ་པར་སྤྲུལ་པའི་གར་གྱི་རོལ་པར་སྣང་སྟེ། གོང་དུ་སྨོས་པ་ལྟར་སེམས་དཔའ་ཆེན་པོས་ས་ཆེན་གྱི་རྣམ་ཐར་རྗེ་འདི་ལ་གནང་ནས། ཁྱེད་རང་གི་ཆོས་འདི་ན་ཡོད་གསུངས་པ་དང་། བསེ་འབག་དང་ལྷན་ཅིག་ཏུ་རྒྱ་གར་ནས་བྱུང་བའི་བསེའི་གའུའི་ནང་ན་ཡོད་པའི་སྒྲུབ་ཐབས་སོགས་ཀྱི་ཡི་གེ་དེང་སང་ག་ན་