[A:༡༩ན]ཆེན་ལ་ཤོག་གསུངས་པ་བྱུང་ནས་བྱོན་པས་སྒྱི་ཆུ་བ་གཤེགས་ནས་མ་མཇལ་བ་དང་། བླ་མས་ཁྱོད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་སྐྱོང་གསུངས་པའི་གསུང་བཞག་པའི་ཞལ་ཆེམས་དེ་བཞིན་དུ་སྒྱི་ཆུ་བའི་གདན་ས་བླ་ཆེན་ལ་གཏད། དེའི་རྗེས་ཀྱི་བྱ་བ་རྣམས་ཚར་ནས་ས་སྐྱར་བྱོན་ཏེ། བླ་མའི་གསུང་བསྒྲུབ་པའི་ཆེད་དུ་རབ་ཏུ་བྱུང་དགོངས་ནས་ན་བཟའ་སེར་ཆས་བསྒྲུབས་པས། བླ་མ་གནམ་ཁའུ་པས་གསན་ཏེ་ཤོག་གསུངས་བྱོན་པས། ཁྱོད་སེར་ཆས་བསྒྲུབས་ནས་ཅི་བྱེད་གསུངས། རབ་ཏུ་བྱུང་བ་ལགས་བྱས་པས་མ་བྱེད་གསུངས། བླ་མ་སྒྱི་ཆུ་བའི་གསུང་ཡིན་ཞུས་པས། བླ་མ་མཉམ་པོ་ལ་ཁོང་གཤིན་པོའི་ཁ་ཆེམས་པས། ང་གསོན་པོའི་ངག་ལ་ཉོན། རབ་ཏུ་མ་བྱུང་བ་བསྟན་པ་དང་སེམས་ཅན་ལ་ཕན་ཆེ་བ་ཅིག་ཡོང་གསུངས་ནས་མ་གནང་། རབ་ཏུ་བྱུང་བ་མ་གནང་ཡང་འཁོན་ཚོའི་དཔོན་ནི་མཛད་དེ། །དེ་ནས་བླ་ཆེན་འདིའི་བླ་མ་སྒྱི་ཆུ་བ་དེ་བླ་མ་མལ་གྱི་སློབ་མ་ཡིན་པས་སྒྱི་ཆུ་བའི་བདེ་མཆོག་གི་ཕྱག་དཔེ་རྣམས་བསྣམས་ནས་གུང་ཐང་ན་ལ་རྩེ་གནས་གསར་དུ་བྱོན་ཏེ། བླ་མ་མལ་ལ་བདེ་མཆོག་རྩ་བ་དང་བཤད་པའི་རྒྱུད། རྡོ་རྗེ་མཁའ་འགྲོ། །ཨ་བྷི་དྷ་ན། ཧེ་རུ་ཀ་མངོན་འབྱུང་། ཀུན་སྤྱོད། སམྦུ་ཊ། རྣལ་འབྱོར་མ་བཞི་ཁ་སྦྱོར། མཁའ་འགྲོ་མ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ་དང་ཀུན་སྤྱོད་གཉིས་ཀྱི་འགྲེལ་པ་ལོ་ཧི་པའི་ཡན་ལག་ཕྲ་མོ་དང་བཅས་པ། དྲིལ་བུ་ཡན་ལག་དང་བཅས་པ། ནག་པོ་ཆོས་དྲུག ནཱ་རོ་མཁའ་སྤྱོད། རྩ་དབུ་མའི་མན་ངག་ཕྲ་མོ་དང་བཅས་པ་དང་། གཤིན་རྗེ་གཤེད་ནག་པོ་རྒྱུད་གསུམ་འགྲེལ་པ་དང་བཅས་པ་