[A:༡༩༠ན]བརྙེས་པ་ལ་སོགས་པ་ངོ་མཚར་བའི་རྟགས་དུ་མ་བྱུང་ཞིང་། དེ་ནས་རོང་སྟོན་ཐམས་ཅད་མཁྱེན་པས་འདེབས་པར་མཛད་པའི་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་དུ་རོང་སྟོན་ཉིད་ནས་གདན་ས་རིམ་པ་བདུན་སོང་བའི་མཚམས་སུ། གཞན་ཕྱོགས་ཀྱི་བསྟན་འཛིན་གྱི་གཟུགས་སུ་རློམ་པའི་མ་རུངས་པའི་སེམས་ཅན་འགའ་ཞིག་གིས་གྲུབ་མཐའི་ཀུན་སློང་ངན་པ་ཞེ་ལ་བཞག་ནས། ཆོས་གྲྭ་དེར་བཞུགས་པའི་བླ་མ། སློབ་དཔོན། མི་སྣ་དྲག་གཏོགས། མདོར་ན་ཁང་ཁྱིམ་ཚུན་ཆད་མ་རུང་པར་བྱས་ཏེ་ཉམ་ཐག་པའི་ཚེ། རྗེ་འདི་དང་རྡོ་རིངས་ཀུན་སྤངས་པ་གཉིས་ཀྱིས་གསང་ཐབས་སུ་ཕེབས་ཏེ། མཁས་གྲུབ་ཆེན་པོ་མཁྱེན་རབ་རིན་ཆེན་མཆོག་གྲུབ་དཔལ་བཟང་པོ་རོང་སྟོན་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ། ལྷག་པར་དེའི་སྐབས་སུ་ཕྲག་དོག་གིས་རང་ཉིད་ཤིན་ཏུ་མྱོས་ཤིང་རང་དབང་མི་ཐུབ་པའི་གཞན་ཕྱོགས་ཀྱི་བཤེས་གཉེན་དུ་ཁས་འཆེ་བའི་ཆོས་རྗེ་སྨོན་ལམ་པ་བྱ་བ་དེས། ངན་གཡོའི་སྦྱོར་བ་མངོན་མཚན་ཅན་འགའ་བྱས་ཤིང་། རྗེ་འདི་ལ་ཡང་དེང་སང་ནཱ་ལེནྡྲ་ན་ས་སྐྱ་པའི་བཙུན་ཆུང་ཚེ་ཟད་ཅིག་སླེབ་ཡོད་པ་འདུག་ཟེར་བ་སོགས་རློམ་སེམས་ཀྱི་ཚིག་ངན་འབྲུག་ལྟར་བསྒྲགས་པའི་ཚེ། དེ་དག་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། རྗེ་ཉིད་ཀྱིས་གནས་དེར་ཆེད་དུ་གཏད་པའི་ཐུགས་དམ་མཛད་ཅིང་། དྲོ་སའི་ཕུག་སེར་དུ་མགོན་པོའི་གཏོར་ཆེན་མཛད་པའི་ཚེ་ནུབ་གཅིག་མནལ་ལམ་དུ། ཕུག་པའི་རྩ་བར་ངེད་འདི་ལྟ་བུའི་མི་དྲག་པ་རང་བཅུ་གཉིས་ཤི་ཟེར་བའི་དུད་མོའི་སྒྲ་ལྷང་ལྷང་བ་བྱུང་ཞིང་། རྗེ་འདི་ཉིད་ཀྱི་ཐུགས་དམ་