[A:༡༩༠བ]གྱི་ཉམས་སྣང་ལ་མགོན་པོའི་ལས་མཁན་རྣམས་ཀྱིས་གསེར་གྱི་མཆོད་རྟེན་ཆེན་པོ་འོད་འབར་བ་ཞིག་དུམ་བུར་གཏུབས་ཀྱིན་འདུག་པས་ནང་ཐམས་ཅད་སོལ་བ་དང་ལྷམ་ཀྲད་ཀྱིས་བརྒྱང་འདུག་པ་གཅིག་བྱུང་སྟེ། དེའི་ཚེ་དགུན་ཤིན་ཏུ་གྲང་བའི་དུས་ཡིན་ཀྱང་། ནམ་ཕྱེད་ཟིན་ལ་ཁད་པ་ཙམ་གྱི་ཚོད་ལ་དཔལ་ལྡན་ས་སྐྱའི་བསྟན་སྲུང་དབང་པོ་རྣམས་ཀྱི་ཆོ་འཕྲུལ་གྱི་སྤྲིན་ནག་པོ་ཤིན་ཏུ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་གློ་བུར་དུ་ནམ་མཁའ་ལ་འདུས་ཏེ། སྐྱིད་འཕན་གཉིས་ཆར་དུ་ཚོར་བའི་འབྲུག་གི་སྒྲ་ཤིན་ཏུ་གྲག་པ་དང་། གློག་གི་འོད་འཁྱུག་པ་དང་བཅས་རྦོད་གཏོང་བྱེད་པའི་བྱད་མ་དེའི་མགོ་ལ་གནམ་ལྕགས་ཀྱི་ཐོག་ཆེན་པོ་མི་བཟད་པ་བབས་པ་ནས། ལས་ངན་པའི་སྦྱོར་བ་བྱེད་པའི་ལུས་དང་ཕྲལ་ནས། སེམས་ཉིད་དག་པའི་ཞིང་དུ་སྐད་ཅིག་དེ་ཉིད་ལ་སྤོར་བར་མཛད་པ་དང་། གཞན་ཡང་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་ཟབ་རྒྱས་ཆོས་ཀྱི་སྒྲོན་མེ་སྦར་ཏེ། རོང་སྟོན་ཐམས་ཅད་མཁྱེན་པས་བསྟན་པའི་སྲོག་ཤིང་འཛུགས་པར་མཛད་དོ། །དེ་ལྟར་མཐུ་དང་ནུས་པའི་སྒོ་ནས་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ཅིང་། གཞན་ཡང་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་ཀྱང་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་པ་ཞིག་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིས་སྔ་ཕྱིར་གསུང་ངག་རིན་པོ་ཆེའི་ཚོགས་བཤད་དང་། སློབ་བཤད་འདྲེས་པའི་ཚར་ཉི་ཤུ་རྩ་གྲངས་ཙམ་གྱིས་ཐོག་དྲངས། སྡེ་སྣོད་གསུམ་དང་རྒྱུད་སྡེ་རིན་པོ་ཆེ་བཞི་དང་འབྲེལ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་སྩལ་ནས་འགྲོ་བ་མང་པོ་སྨིན་ཅིང་གྲོལ་བར་མཛད་པས་བཀའ་དྲིན་ཐོབ་པའི་ཞལ་སློབ་ཀྱང་ས་ཆེན་པོའི་རྡུལ་ཙམ་