[A:༢༠བ]གྱིས་ལ་ཚོགས་སུ་ཕུལ་གསུངས། དེ་ལྟར་བྱས་པས་ཁོང་དམ་ཚིག་པ་བསམ་གྱིས་མི་ཁྱབ་པར་འདུག་པ་ལ། ངས་དེ་ལྟར་ཅུང་མ་གོ ད་ངའི་གམ་དུ་ཁོ་ད་ལོ་ལན་ཅིག་ཅིས་ཀྱང་ཤོག ཆོས་ཀྱི་ལྷག་མ་ད་རུང་ཡོད་པས་ཁྱོད་ལ་སྟེར་བ་ཡིན་གྱིས་ཤིག་གསུངས། དེར་བནྡེ་དེས་མར་འོངས་ནས་བླ་མ་ལ་འཕྲིན་བྱས། བླ་ཆེན་གྱིས་ཀྱང་ཡར་བྱོན་ཏེ་སྦྱོང་རྒྱུད་དང་། རབ་གནས་ཀྱི་རྒྱུད་ཡན་ལག་བདུན་པ་དང་བཅས་པ་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེ་ཆུང་། ཡན་ལག་བརྒྱད་པ་ལ་སོགས་པ་སྨན་དཔྱད་ཀྱི་གཞུང་དང་། ཁྱད་པར་དུ་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནང་ནས། དེའི་རྟེན་དུ་དར་ནག་དང་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅིག་དང་བཅས་ཏེ། མཧཱ་ཀཱ་ལའི་སྐུའི་བཀའ་བབས་བཞིའི་ནང་ནས་མཆོག་ཏུ་གྱུར་པ་མགོན་པོའི་འཆམས་སྐུ་བསེ་འབག་ནག་པོ་འཕུར་ཤེས་ལ་མི་ལ་མིས་ཟེར་བ་ལྟར་ད་ང་རྒས་པས་ཁྱོད་མི་དགོས། ཁྱོད་རང་འཁོན་ས་སྐྱ་པའི་རྗེས་ལ་སོང་ལ་ས་སྐྱ་པ་བརྒྱུད་པ་དང་བཅས་པའི་བཀའ་བཞིན་སྒྲུབས་ཤིག་ཟེར་ནས་བརྫངས། དེ་རྣམས་བསྣམས་ནས་མར་བྱོན། ལྷོ་སྟོད་དུ་པུ་ཧྲང་ལོ་ཆུང་ལ་བལ་པོ་བྷ་དནྟའི་ལུགས་ཀྱི་བདེ་མཆོག་སྐོར་དང་། ཧ་དུའི་དཔལ་གསང་བ་འདུས་པའི་ཨརྒྷཾ་ལ་སོགས་པའི་ཆོས་སྐོར་གསུམ་དང་། དུས་ཀྱི་འཁོར་ལོ་ཡན་ལག་དང་བཅས་པ་དང་། བྱ་རྒྱུད་ཀྱི་ཕྱོགས་འགའ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། བྲམ་ཟེ་མཆོག་སྲེད་ཀྱི་པུར་སོལ་ལ་རང་འབྱོན་དུ་འཁྲུངས་པའི་ཤིང་མགོན་ཡིད་བཞིན་གྱི་ནོར་བུ་འདི་ཡང་ལོ་ཙཱ་བ་འདིས་བླ་མ་ཆེན་པོ་ལ་གནང་བ་ཡིན་ནོ། །གཞན་ཡང་མདོ་ཁམས་ནས་འབྲི་ཁུང་པའི་སྐྱུ་ར་