[A:༢༡ན]ཨ་སྐྱབས་བྱ་བ་དེ་ས་སྐྱར་གདན་དྲངས་ནས། གསང་འདུས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྷ་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་ལུགས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་བརྒྱུད་པ་སྨན་པའི་ཞབས་ཞེས་བྱ་བའི་སྐོར་ལ། འཕགས་པ་འཇམ་དཔལ་གྱི་ཞལ་ལུང་དང་། ཡེ་ཤེས་ཞབས་ཀྱིས་མཛད་པའི་ལུང་དང་མཐུན་པའི་ཆོས་བཅུ་བདུན་དང་། རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་དང་། ཞལ་ལུང་དང་། མར་མེ་མཛད་བཟང་པོས་མཛད་པའི་དཀྱིལ་ཆོག་རྣམས་ལ། སྨན་པའི་ཞབས་ཀྱིས་མཛད་པའི་འགྲེལ་པ་རེ་རེ་དང་། སློབ་དཔོན་དེ་ཉིད་ཀྱི་དགོངས་པ་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ་རྣམས་གསན་ནས་ཐུགས་སུ་ཆུད་པར་མཛད་དོ། །རྡོ་རྗེ་གདན་པ་ལ་བྷ་ཝ་པའི་འགྲེལ་པ་ཡན་ལག་དང་བཅས་པ་དང་། མཧཱ་མཱ་ཡཱའི་འགྲེལ་པ་ལུགས་གཉིས་ཡན་ལག་དང་བཅས་པ་དང་། རྡོ་རྗེ་བདུད་རྩིའི་རྒྱུད་དང་འགྲེལ་པ་ཡན་ལག་དང་བཅས་པ་དང་། སེམས་འཛིན་བརྒྱད་བཅུ་པ་ཞེས་བྱ་བ་རྣམས་གསན་ནོ། །བལ་པོ་པཎྜི་ཏ་པདྨ་ཤྲཱི་ལ། མཚན་བརྗོད། དུས་འཁོར་དང་། མན་ངག་དུ་མ་གསན་ནོ། །བལ་པོ་ཛྙཱ་ན་བཛྲ་ལ་རྡོ་རྗེ་རྣལ་འབྱོར་མའི་ཆོས་དུ་མ་གསན་ནོ། །རྒྱ་གར་གྱི་རྣལ་འབྱོར་པ་བྷ་དྲ་རཱ་ཧུ་ལ་ལ་མན་ངག་དུ་མ་ནོས་སོ། །དགེ་བཤེས་རྔོག་ཅེས་བྱ་བ་ལ་ཤེར་ཕྱིན་ཇོ་བོའི་ལུགས། ཉི་ཁྲི་སྣང་བ་རྩ་འགྲེལ། བརྒྱད་སྟོང་རྩ་འགྲེལ། མངོན་རྟོགས་རྒྱན་རྩ་འགྲེལ། སྡུད་པ་རྩ་འགྲེལ། བརྒྱད་སྟོང་དོན་བསྡུས་རྩ་འགྲེལ། ཤཱནྟི་པའི་གཞུང་ལུགས་ཚན་ཅིག་རྣམས་གསན་ནས་ཐུགས་སུ་ཆུད་པར་མཛད་དོ། །གཉིས་པ་ཁྱད་པར་གསུང་