[A:༢༡༠ན]ཞབས་ཏོག་ལ་རྩེ་གཅིག་ཏུ་འབད་ཀྱང་། གཞན་ངོར་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཕྱིར་སྐུ་ཁམས་ལ་སྐྱེད་དུ་མངོན་པ་ཅུང་ཟད་ཀྱང་མ་བྱུང་བ་ན། སླར་ཡང་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་པས། རྗེའི་ཞལ་ནས་སྔར་ལུང་བསྟན་ལ་ལོ་བརྒྱད་ཅུ་ཡོད་པས། ད་དུང་ལོ་འགའ་བསྡད་ཀྱང་བཏུབ་མོད། འོན་ཀྱང་རྟེན་འབྲེལ་འགའ་ཞིག་གི་རྒྱུས་ད་ལོ་ཅིས་ཀྱང་འགྲོ་བར་འདུག་པས་ཁྱེད་རང་རྣམས་རིམ་གྲོ་བྱས་མ་བྱས་ནི་མེད། བྱེད་ན་ཡང་ཁྱེད་རང་རྣམས་དབང་བཙན། འོ་སྐོལ་ཚེ་དང་། ཚུལ་ཁྲིམས། འཕྲིན་ལས་རྣམས་མཐར་ཕྱིན་པ་ཡིན་པས་སེམས་ཕྲལ་དང་མྱ་ངན་སྨྲེ་སྔགས་སོགས་གཏན་མ་བྱེད་པར་དགའ་སྤྲོ་གྱིས་ལ་གསོལ་བ་ཐོབ་ཅེས་གསུངས་ཤིང་། ཇི་སྲིད་སྙུང་བའི་བར་ལ་ཡང་ཐུགས་དམ་གྱི་ཁྲིགས་རྣམས་གཏན་ནས་མ་ཆག་པར་མཛད་པའི་ངང་ནས། སངས་རྒྱས་ཀྱི་ཞིང་ཁམས་ཡ་མཚན་ཅན་དུ་མ་དང་། བླ་མ་དང་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པ་དང་། དག་པའི་ཞིང་དུ་སྤྱན་འདྲེན་པའི་ལྷ་ཚོགས་མང་པོས་བསུ་བའི་བཀོད་པ་ལ་སོགས་པ་གཟིགས་སྣང་ཁྱད་པར་ཅན་དུ་མས་དུས་འདའ་བར་མཛད་ཅིང་། དེ་ནས་རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་པ་དང་། ལེ་ལོ་ཅན་དག་དགེ་བ་ལ་བསྐུལ་བའི་ཕྱིར་དང་། ཞིང་ཁམས་འདི་བས་གཞན་དུ་འགྲོ་དོན་རྒྱ་ཆེ་བ་ལ་དགོངས་ནས་ཆོས་རྗེ་ཉིད་ཀྱིས་དགུང་ལོ་བདུན་ཅུ་རྩ་བདུན་བཞེས་པ་ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་བདུན་པའི་ཚེས་བཅུའི་ཉི་མ་རྩེ་ཤར་ལ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཤོམས་ཤིག་གསུངས་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་མཛད་ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་