[A:༢༢ན]མེད་གསུངས་པ་དང་། བླ་ཆེན་གྱི་དགོངས་པ་ལ་འོ་ན་སྤྱོད་ལམ་གྱི་ལུགས་འདི་དང་བྱས་པས་གདམས་ངག་མེད་པ་འདྲ། ང་རང་ནོར་བ་ཡིན་ནམ་སྙམ་ནས་ལོག་པ་དང་། ཇོ་སྲས་འོད་མཆོག་གི་ཕ་དེས་བླ་མ་ཞང་ལ་འོ་སྐོལ་རང་མཁར་ཆུང་ན་ཡོད་ཙ་ན། སྒྱི་ཆུ་བའི་གྲྭ་བ་ཅིག་ལ་ངའི་བླ་མའི་སྲས་པོ་ཡིན་ནས་པང་དུ་ལེན་པ་དེ་འདྲ་ན་ལྡོག་པས་ཅང་མཆིའམ་ཞུས་པས། འོ་ན་དམ་ཚིག་ཉེས་པར་འགྲོ་ཉེན་ཡོད་པས་བོས་གསུངས་ནས་ལྡོག་སྟེ་ལོ་རྒྱུས་ཞིབ་ཏུ་མཛད་པས། ས་སྐྱ་པའི་སྲས་ཡིན་པར་ཐུགས་ཡིད་ཆེས་ནས། ངས་ད་ཅི་ངོ་མ་ཤེས་པར་བརྫུན་བྱས། མན་ངག་ཡོད་དེ་སྔར་མ་བཤད་པས་བསམ་མནོ་འདྲ་བྱ་དགོས། སྤྱིར་ཡང་ད་ལྟ་དོར་ཀ་མདོ་བྱ་བ་འདི་ན་སེ་སྟོན་རྡོར་འབྱུང་གིས་པཎ་ཆེན་དང་པཎ་ཆུང་དང་། ལོ་པཎ་དཔོན་སློབ་མང་པོ་ལ་ཆོས་འཁོར་བྱེད་པའི་རྩར། རྣལ་འབྱོར་པ་རྒན་པོ་ཅིག་གིས་བཤད་ཉན་བྱས་ཀྱང་མི་མཛེས་པས། དཔྱིད་སོ་བྱོན་ཆོས་ཚོ་ཚར་བ་བགྱིད་གསུངས། ཕྱིས་ས་ཆེན་གྱི་ཞལ་ནས། འོད་མཆོག་གི་ཕ་འདི་ངེད་ལ་དྲིན་ཆེ། རྟ་བརྒྱ་ཕུལ་བ་བས་དགའ་གསུངས། དེ་ནས་དཔྱིད་ཀ་བྱོན་ཏེ་སླེབས་པའི་ནུབ་མོ་ཆོས་ཀྱི་གླེང་གླེང་མང་དུ་མཛད་པས། རྗེ་བླ་མ་ཉིད་རྒྱུད་གསུམ་ཐུགས་ལ་ཤིན་ཏུ་བྱང་བར་བཞུགས་པས་ལན་བཏབ་པས། བླ་མ་ཞང་གིས་འོར་ཆེ་ཤིན་ཏུ་གོ་ཆོད་ནས་འདུག་གསུངས་ནས་མཉེས་སྐད། ཡང་རྗེའི་ཞལ་ནས། རྒྱུད་ལས་རྩ་སུམ་ཅུ་རྩ་གཉིས་གསུངས་པ་འདི་ཀུན་སྒྲུབ་པ་པོའི་ལམ་དུ་ཁྱེར་ན་ཅི་ཚུགས་བྱེད་གསུངས་ནས། གདམས་ངག་གི་གནད་འདྲིར་བྱུང་བ་ལ་ལན་མ་ཐེབས་ནས། གདམས་ངག་