[A:༢༡བ]ངག་ནོད་པའི་ཚུལ་ནི། དེ་ནས་གསུང་ངག་མཉན་པར་བཞེད་དེ། སེའི་སློབ་མ་སུ་དྲག་དྲིས་པས། འགའ་ཞིག་ཞ་མ་དྲག་ཟེར། རྒྱུས་མ་རྣམས་ན་རེ། དེ་ལ་གདམས་ངག་རྫོགས་པ་མེད་པས་ཞང་སྟོན་མཆེད་གཉིས་དྲག དེའང་གཅུང་པོ་ནི་གྲོངས། གཅེན་པོ་བཞུགས་པས་དེ་མཁས་ཟེར། དེར་བཞུད་པར་དགོངས་ནས་བླ་མ་གནམ་ལ་འགྲོ་བར་ཞུས་པས། སྒོམ་ཆེན་འདི་བརྫུན་ཆེ་བ་ཡིན། གདམས་པ་ཅི་ཡང་མེད་དེ་མཆི། དད་པ་ཡོད་ན་གསང་འདུས་ཀྱི་སྒྲུབ་ཐབས་བསྟན་པའི་ནོར་རྫས་བསྒོམ་གསུངས་ནས་མ་གནང་བ་ལ། བདག་ལ་ཡིད་ཆེས་གཅིག་བདོག་ཞུས་པས། འོ་ན་རྒྱུག་གསུངས་ནས་བྱོན། སག་ཐང་དུ་ཕེབས་པ་དང་། ཐགས་མཁན་ཚོ་གཅིག་འདུག་པ་ལ་ཞང་དགོན་པ་བ་ལ་མཇལ་གྱིས་དང་བྱས་པས། ཕ་ཀི་ཀ་ཡིན་ཟེར་ནས་བལྟས་པས། མི་མང་པོ་ཅིག་གི་གསེབ་ན་ཤམ་ཐབས་ཤིག་གསོལ། ཤ་འགག་མེད་པར་ར་ཐུལ་ཅིག་ཕྱིར་ཀློག་ཏུ་གྱོན་ནས་ཡོ་ག་བྱེད་ཅིང་གཏམ་ཆལ་ཆོལ་མང་པོ་གསུང་གིན་འདུག་པ་དང་། དེར་དྲུང་དུ་ཕྱིན་ནས་ཕྱག་བྱས་པས་ཁྱེད་ནི་ག་ཤེད་ཀྱི་མི་ཆེན་ཅིག་འདྲ་ན། དེ་ནས་ཀྱང་གསར་མ་པ་ཅིག་འདྲ་ན་ནོར་བ་མ་ཡིན་ནམ་གསུངས་པ་ལ། མ་ནོར་ལགས་གསུང་ངག་རིན་པོ་ཆེ་ཞུ་བ་ལགས་བྱས་ཏེ་ཁྲབ་ཅིག་ཕྱག་རྟེན་དུ་ཕུལ་བས། བླ་མ་ཞང་གི་ཞལ་ནས། ད་ཅི་རུ་ནོར་བྱས་ཏེ་ངས་དེ་འདྲ་མི་ཤེས། དེའི་མིང་ཡང་ད་རེས་ལས་མ་ཐོས། ངས་རྫོགས་ཆེན་ཙ་མུན་ཏི་དང་བྲམ་ཟེའི་སྐོར་འདྲ་བཤད་པ་ཡིན། དེ་ཀུན་ཉན་པ་ལ་ཁྱེད་གསར་མ་བ་བྱ་བ་རྟོག་པ་ཆེ་བས་རྟོག་པ་མི་བྱེད་དམ་གསུངས། བསྐྱར་ནས་ཞུས་པས་ཀྱང་དེ་འདྲའི་གདམས་ངག་