[A:༢༢༤བ]ཙམ་ཡང་མི་མངའ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་བཤད་ཅིང་།
བདག་ཉིད་ཆེན་པོ་འདིས་བཙུན་མོ་གཅིག་ཁབ་ཏུ་བཞེས་པ་ནི། དམའ་ཟེ་བཟའ་མ་གཅིག་ཧོར་མོ་ཚེ་བརྟན་ཞེས་བྱ་བ་སྟེ། འདི་ལ་སྲས་སྐུ་མཆེད་བཞི་བྱུང་བའི་ནང་ནས་གཅེན་བདག་ཉིད་ཆེན་པོ་ས་ལོ་ཙཱ་བ་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི། ཇི་སྐད་དུ། དང་པོར་ཟབ་གསལ་གཉིས་མེད་འཇམ་པའི་དབྱངས། བར་དུ་རིགས་ལྡན་འཇམ་དཔལ་གྲགས་པའི་ཞབས། །མཐའ་མར་གནས་ལྔ་རིགས་པ་ས་སྐྱ་པ། །བདག་ཉིད་ཆེན་པོའི་སྔོན་གྱི་སྐྱེས་རབས་ཡིན། །ཞེས་པ་ལྟར་དང་པོ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་རབ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་འཕགས་པ་འཇམ་དཔལ། བར་དུ་རིགས་ལྡན་གྱི་ས་སྐྱོང་ཆེན་པོ་མིའི་དབང་པོ་འཇམ་དཔལ་གྲགས་པ། ཐ་མར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་རྣམས་སུ་སྐུའི་རྣམ་འཕྲུལ་བརྒྱུད་མར་བཞེས་ནས། སླར་ཡང་གངས་རིའི་ཁྲོད་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་སྨོན་ལམ་དང་ལེགས་བྱས་ཀྱིས་བསྐུལ་ནས། དབུས་འགྱུར་གྱི་ཚལ་རྡོ་རྗེའི་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཙམ་བགྲོད་པའི་སའི་ཆ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་ཁུངས། འཕགས་པའི་གང་ཟག་རྣམས་ཀྱི་བསྟི་གནས། འགྲན་ཟླ་མེད་པའི་མཁས་པ་རྒྱུན་མི་ཆད་པར་འབྱོན་པའི་མཚན་མ་དང་ལྡན་པའི་གཙང་གྲོམ་པ་ལ་སྟོད་དཔལ་ལྡན་ས་སྐྱ་ཞེས་གྲགས་པའི་དགོན་པ་ནས་དབང་པོའི་ཕྱོགས་སུ་ཧ་ཅང་མི་རིང་བ་ཞིག་བགྲོད་པའི་ནོར་འཛིན་གྱི་མཐིལ། ཕྱི་ནང་གི་