[A:༢༤༤ན]ཞེས་དང་། སྣང་རྩེ་གཏེར་སྟོན་པས་ཆོས་འཁོར་ལྷ་སའི་སངས་རྒྱས་རབས་བདུན་གྱི་སྐུ་རྒྱབ་ནས་གཏེར་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་ལས་གྲོལ་གྱི་ཆོས་ཀྱི་ལོ་རྒྱུས་ལུང་བྱང་གསལ་བའི་སྒྲོན་མེ་ལས། བཻ་རོའི་སྐྱེ་བ་འཁོན་རིགས་གླང་ལོ་པ། །གྲགས་པའི་མིང་ཅན་ཆོས་བདག་སྐྱེས་བུ་འབྱུང་། །དེ་ལ་གཏད་པས་སངས་རྒྱས་བསྟན་པ་འཕེལ། །ཞེས་དང་། ཡང་སྤྲུལ་སྐུ་སྣང་རྩེ་བས་ཁྱུད་ཚང་བྲག་གི་པདྨ་བཅུད་ཕུད་ནས་གདན་དྲངས་པའི་དམ་འཛིན་ལྷ་སྲས་ཀྱི་སྐྱེ་རྒྱུད་ལ། ད་ལྟའི་ལོ་ཙཱ་བཻ་རོ་ཙཱ་ན་ཁྱོད། །འཁོན་གྱི་རིགས་ལ་གྲགས་པའི་མིང་འཆང་སྟེ། ཟབ་ཆོས་འདི་དང་འཕྲད་ན་ཚེ་མཐར་ཕྱིན། །བསྟན་པ་དབུས་ཁམས་ཡོངས་ལ་སྤེལ་བར་བྱེད། །ཅེས་ལུང་བསྟན་པ་འདིས་གྲུབ་པ་ཡིན་ནོ། །འདི་དག་ནི་གང་ཟག་འགའ་ཞིག་ལ་སྐྱེས་བུ་དམ་པ་འདི་ཞེས་བྱ་བའི་རྣམ་པར་སྤྲུལ་པའོ་ཞེས་ཟོག་བརྫུས་ཅན་དག་གི་ལོང་བ་འཁར་འཛུགས་ཀྱིས་རང་གཞན་གཉིས་ཕུང་གི་ལས་ལ་སྦྱོར་བའི་ཚུལ་དང་མི་འདྲ་བའི་དྲི་མ་མེད་པའི་ལུང་ཚད་མས་གྲུབ་པ་འདི་ནི་ཀུན་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པའོ། །འདིར་སྨྲས་པ། སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཉིད། །གཞན་ངོར་སྤྲུལ་སྐུ་དུ་མའི་ཟློས་གར་གྱིས། །མཐའ་ཡས་འགྲོ་བའི་དོན་མང་མཛད་པ་འདི། །སྔགས་འཆང་བླ་མའི་སྔོན་གྱི་སྐྱེས་རབས་ཡིན། །ད་ནི་ད་ལྟར་གྱི་སྐུའི་སྐྱེ་བ་བཞེས་པའི་རྣམ་པར་ཐར་པ་མདོ་ཙམ་སྤེལ་བ་ལ་དོན་གཉིས་ཏེ། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་མདོ་ཙམ་བཤད་པ་གཉིས་ལས། དང་པོ་ནི། དུས་གསུམ་རྒྱལ་བའི་མཁྱེན་ཞིང་