[A:༢༤༤བ]བརྩེ་བ་ལས། །ནུས་མཐུ་གཅིག་བསྡུས་དཔལ་ལྡན་ས་སྐྱ་པའི། །དྲི་མེད་རིགས་སུ་བསམས་བཞིན་སྐུར་བསྟན་པ། །སྙིགས་མའི་དུས་འདིར་བསྟན་པའི་གསལ་བྱེད་མཆོག །ངག་དབང་ཀུན་དགའ་རིན་ཆེན་ཞེས་གྲགས་པའི། །སྐྱེས་མཆོག་དེ་ཉིད་མེ་མོ་གླང་ལོར་བལྟམས། །བཅུ་བདུན་བར་དུ་ས་སྐྱ་ལོ་ཙཱ་ཆེ། །འབྲལ་མེད་བསྟེན་ཏེ་དམ་ཆོས་མང་དུ་མནོས། །དེ་ནས་ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ་དང་། །དཔལ་ལྡན་བཀྲ་ཤིས་ངག་དབང་ཆོས་གྲགས་ཞབས། །སངས་རྒྱས་སེང་གེ་པཎ་ཆེན་ལེགས་བློ་སོགས། །གུས་པས་བསྟེན་ནས་དབང་ཁྲིད་མན་ངག་ལུང་། །རྗེས་གནང་བྱིན་རླབས་བཀའ་གཏད་ལ་སོགས་པ། །གྲངས་མེད་གསན་པ་རྒྱ་མཚོའི་མཛོད་བཟུང་ནས། །བྱས་འགྱུར་རྡོ་རྗེའི་བྲག་རྫོང་ལ་སོགས་པའི། །གནས་མཆོག་དུ་མར་དགེས་རྡོར་བདེ་མཆོག་དང་། །རྡོ་རྗེ་ཕུར་པ་ཆོས་སྐྱོང་གུར་ཞལ་སོགས། །ལྷ་མཆོག་ཞི་ཁྲོ་རབ་འབྱམས་དུ་མ་ཡི། །གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་ནས། །བཀའ་སྲུང་དམ་ཅན་རྒྱ་མཚོ་བྲན་ལྟར་འཁོལ། །དེ་ཚེ་བསྟན་ལ་གནོད་བྱེད་དགྲ་བགེགས་རྣམས། །ལོ་ཟླ་མ་འགྱངས་རྣམ་ཤེས་དབྱིངས་སུ་བསྒྲལ། །དེ་དག་མ་འོངས་སྲིད་པའི་རྒྱུན་ཀྱང་བཅད། །གཞན་ཡང་རང་གི་སྣང་ངོར་དག་སྣང་ལས། །མ་འདས་མོད་ཀྱང་གདུལ་བྱ་གཞན་གྱི་ངོར། །དཀའ་སྤྱད་དྲག་པོས་བསྟན་དང་འགྲོ་བའི་ཕྱིར། །སྐུ་སྲོག་ཉིད་ཀྱང་གཏོང་ལ་མི་ཞུམ་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་བསལ་ནས། །སྣང་སྲིད་ལྷ་མི་ཐམས་ཅད་དབང་དུ་བསྡུས། །དེ་ནས་སྔོན་བྱོན་གོང་མའི་གནས་ཀྱི་