[A:༢༤༥བ]ཀྱི། །རྣམ་པར་སྤྲུལ་པ་དེ་དག་འདས་པའི་རྗེས། །གངས་ཅན་ཁྲོད་འདིར་ཀུན་མཁྱེན་སངས་རྒྱས་ཀྱི། །བསྟན་པའི་བྱ་བ་རླབས་ཆེན་མཛད་པ་ལ། །སྔགས་འཆང་ཉིད་ལས་ངོ་མཚར་ཆེ་བ་གཞན། །མེད་ཅེས་དེང་དུས་དཔྱོད་ལྡན་ཡོངས་ལ་གྲགས། །དེ་ལྟའི་བསྟན་པའི་གསལ་བྱེད་ཆེན་པོ་དེ། །རེ་བརྒྱད་བཞེས་པ་ཤིང་ཕོ་སྤྲེའུའི་ལོ། །གྲོ་བཞིན་ཟླ་བའི་ཡར་ངོའི་བཅུ་བཞི་ལ། །ས་སྐྱའི་ལྷ་ཆེན་ལྷུན་གྲུབ་ཕོ་བྲང་དུ། །དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན། །དེ་ལྟའི་སྤྲུལ་པའི་སྐྱེས་མཆོག་དེ་ཉིད་ལས། །བརྒྱུད་འཛིན་སློབ་བུ་མང་དུ་འཕེལ་བ་ཡི། །ཀུན་གྱི་མཆོག་ནི་ཆོས་དང་རིགས་ཀྱི་སྲས། །གྲུབ་པའི་དབང་ཕྱུག་པུཎྱ་ཨིནྡྲ་དང་། །སེམས་དཔའ་ཆེན་པོ་གྲགས་པ་བློ་གྲོས་མཚན། །གཞན་ཡང་བསྟན་པ་གསལ་མཛད་བཤེས་གཉེན་ཚོགས། །ཉི་ཟླ་བཞིན་དུ་གྲགས་པས་ཡོངས་ཁྱབ་ཅིང་། །སྐར་ཕྲན་བཞིན་དུ་བགྲང་བའི་ཡུལ་འདས་པས། །འཛིན་མའི་ཁྱོན་འདི་ཡོངས་སུ་ཁྱབ་གྱུར་ཏེ། །སྤྱི་དང་བྱེ་བྲག་བསྟན་པ་རིན་པོ་ཆེ། །དབྱར་མཚོ་བཞིན་དུ་འཕེལ་བའི་དགེ་མཚན་འདི། །སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ཆོས་ཀྱི་རྗེ། །ཀུན་དགའ་རིན་ཆེན་གང་གི་རྣམ་ཐར་ཡིན། །ཞེས་སོ།
།གཉིས་པ་དེའི་དོན་མདོ་ཙམ་བཤད་པ་ནི། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ཉིད་ཁ་བ་ཅན་འདིར་འགྲན་པའི་ཟླ་དང་བྲལ་བའི་རིགས་བརྒྱུད་འཁོན་ས་སྐྱ་པ་ཞེས་པའི་མཚན་གྱི་དགེ་ལེགས་དང་ལྡན་པའི་གདུང་རིགས་འཛིན་པའི་སྐྱེས་ཆེན་དམ་པ་འཇམ་དབྱངས་ནམ་མཁའ་དོན་གྲུབ་ཚེ་བརྟན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་དེ་ཉིད་ཀྱི་བཙུན་མོ་ལྷ་གཅིག་བུ་འདྲེན་སྐྱིད་བྱ་བ་ལ་མེ་མོ་