[A:༢༤༦ན]གླང་གི་ལོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གདན་ས་ཆེན་པོ་རྩེ་གདོང་བླ་བྲང་གི་གནས་མཆོག་ཏུ་ཡུམ་ལ་གནོད་པ་མེད་པར་བལྟམས་པ་ཡིན་ཏེ། དེ་ལྟར་བལྟམས་ནས་ལམ་ཐམས་ཅད་ཀྱི་རྩ་བ་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པར་མཛད་དེ། གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ཐོས་བསམ་མཐར་ཕྱིན་པར་མཛད་པའི་ཚུལ་ནི། རྗེ་འདི་དགུང་ལོ་དགུར་ཕེབས་པའི་ཚེ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། སོ་སོར་ཐར་པའི་བསླབ་བྱ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ནོས་ཏེ། མཚན་ཡང་འཇམ་དབྱངས་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ཞིང་། ཡང་འཇམ་དབྱངས་ས་ལོ་ཙཱ་བ་དེ་ཉིད་ཀྱི་དྲུང་དུ་ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱང་གསན་ནས། རྒྱལ་བའི་སྲས་པོ་ཀུན་གྱི་གཙུག་གི་ནོར་བུར་གྱུར་ཏེ། དེ་ནས་བདག་ཉིད་ཆེན་པོ་འདིས་ས་སྐྱ་ལོ་ཙཱ་ཆེན་པོ་དེ་ཉིད་ཀྱི་ཞབས་དྲུང་དུ། བཅོམ་ལྡན་འདས་དགེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་གི་ཆུ་བོ་ལན་གྲངས་མང་པོ་ཞིག་གསན་ནས་རིགས་འཛིན་སྔགས་ཀྱི་སྡོམ་པས་ཐུགས་རྒྱུད་བལྟམས་པར་མཛད་ཅིང་། གཞན་ཡང་བདག་ཉིད་ཆེན་པོ་ས་ལོ་ཐམས་ཅད་མཁྱེན་པའི་དྲུང་དུ་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང་། འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་སོགས་སྨིན་བྱེད་དབང་གི་རྣམ་གྲངས་ཉེར་བཞི་ཙམ་དང་གྲོལ་བྱེད་ཁྲིད་ཀྱི་སྐོར་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་