[A:༢༤༩ན]ཀྱི་ཕྱག་ལེན་ཕྲ་མོ་རྣམས་ཀྱང་ཤིན་ཏུ་ངེས་པར་མཛད་ནས། དུས་ཕྱིས་རྗེས་འཇུག་རྣམས་ཀྱི་དོན་དུ་སོ་སོའི་ཡི་གེ་ས་ལོ་ཆེན་པོའི་ཕྱག་ལེན་བཞིན་བཀོད་པར་མཛད་པ་ཡིན་ལ། དེ་ལྟར་བདག་ཉིད་ཆེན་པོ་ཁུ་དབོན་གཉིས་ལྷན་ཅིག་བཞུགས་པའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་མཛད་པའི་སྐབས་ནས་ཆུ་མོ་སྦྲུལ་གྱི་ལོ། ས་ལོ་འཇམ་དབྱངས་ཆེན་པོ་ཉིད། ཞིང་ཁམས་གཞན་དུ་འབྱོན་པར་ཉེ་བ་ན། བདག་ཉིད་ཆེན་པོ་འདི་ལ་སྤྱན་ཆེར་གཟིགས་ནས། །ངག་གི་དབང་པོ་བྱིས་པའི་སྣང་བ་མ་བྱེད་ཨང་། དཔལ་ས་སྐྱའི་སྡེ་བསྟན་པ་འདི་ཆགས་སམ་འཇིག་ཁྱེད་ལ་རག་ལས་པ་ཡོད་དོ་ཞེས་གསུངས་པ་ལྟར་གྱི་བཀའ་ཆེམ་ཐུགས་ཀྱི་དཀྱིལ་དུ་བཅང་སྟེ། དཔལ་ལྡན་ས་སྐྱའི་བསྟན་པ་རིན་པོ་ཆེ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་མཛད་པ་ཡིན་ཏེ། དེ་ནས་བདག་ཉིད་ཆེན་པོ་འདི་དགུང་ལོ་ཉི་ཤུར་མ་སོན་ཙམ་གྱི་སྐབས་སུ་ས་ལོ་ཆེན་པོ་ཞིང་གཞན་དུ་གཤེགས་པས་ཐུགས་ཤིན་ཏུ་གདུངས་པར་གྱུར་པ་དང་། མི་སྲུན་པ་འགའ་ཞིག་གི་སྤྱོད་ཚུལ་ལ་ཐུགས་འབྱུང་བར་གྱུར་ནས། བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་ཕེབས་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང་། ལམ་གྱི་ཐུན་བཞི་ལ་དབང་ལེན་པ་གཙོ་བོར་མཛད་དེ། ཨཥྚ་འབུམ་ཕྲག་སོ་གཉིས་སྦྱིན་སྲེག་དང་བཅས་པ་མཛད་པའི་ཚེ། ལན་ཅིག་ཐོ་རངས་ཀྱི་ཚེ་བྱས་འགྱུར་གྱི་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་སུ་ས་ལོ་ཐམས་ཅད་མཁྱེན་པ་ཉིད་ཞབས་རྡོ་རྗེ་སྐྱིལ་ཀྲུང་དང་། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་བཟུང་བ་ཞིག་གསལ་པོར་གཟིགས་ཏེ། དད་གུས་ཆེར་གཡོས་ནས། རྒྱལ་བའི་མཁྱེན་བརྩེ་མ་