[A:༢༥༡ན]མཛད་པ་ནི། ད་ལྟ་སྔགས་ཐང་ཆེན་མོའི་གྲབས་ལ་བཞུགས་པ་འདི་ཡིན་ལ། ཡང་ལྷ་ཁང་རྩེར་བཞུགས་པའི་སྐབས་ཤིག་དགེ་སློང་རིན་ཆེན་རྣམ་གྲོལ་གྱིས་གསོལ་བ་བཏབ་པའི་ངོར་སྐྱེད་ལྷས་ཀྱི་གནས་ཁའུ་པའི་གཟིགས་སྣང་མ་ལྟར་ཞལ་བཞི་པ་ཞིག་ཉིད་ཀྱིས་ཕྱག་བྲིས་མཛད་པ་ན། རབ་གནས་ཀྱི་ཚེ་སྐུ་འཁོར་རྣམས་ཀྱིས་ཨ་ཙ་ར་མདོག་སྔོན་པོ་ཞིག་གཟིམས་ཆུང་དུ་སོང་བ་མངོན་སུམ་མཐུན་གྲུབ་ཏུ་མཐོང་ཞིང་། སྔགས་འཆང་ཉིད་ཀྱི་གཟིགས་སྣང་ལ་ཞལ་བཞི་པ་ཡུམ་ཆེན་བཞི་དང་བཅས་པ་རྔམ་བརྗིད་དང་ལྡན་པ་ཞིག་བྲིས་སྐུ་ལ་མངོན་སུམ་དུ་ཐིམ་པ་གཟིགས་པ་དང་། ཡང་ལྷ་ཁང་རྩེའི་པོ་ཏ་ལ་དེ་ཉིད་དུ་བཞུགས་པའི་སྐབས་ཤིག ནུབ་ཅིག་ཐུན་གཏོར་ཕུལ་བའི་རྗེས་སུ་གྲགས་པ་ཟེར་བའི་བན་ཆུང་ཞིག་ཡོད་པ་དེ་རྗེའི་ཞབས་དྲུང་དུ་འོངས་པ་ན། གཟིམས་ཆུང་འགག་གི་སྐས་མགོར། བུད་མེད་ནག་མོ་རལ་པས་རྟིང་པ་ཁེབས་པ། ལག་གཉིས་སྤར་མོ་གདེངས་ཤིང་རྐང་པ་གར་སྟབས་ཀྱིས་འདུག་པ་ཞིག་དང་འཕྲད་པ་ན། བན་ཆུང་དེ་འཇིགས་དངངས་པས་ཅུང་ཟད་བརྒྱལ་ཞིང་། དེར་རྗེས་སྔགས་འཆང་ཉིད་ལ་དེའི་ཚུལ་རྣམས་ཞུས་པ་ན། དེ་ལ་སྐྲག་པར་བྱེད་མི་དགོས། དོ་ནུབ་ཀྱི་ཐུན་གཏོར་ལེན་པ་ལ་སྲིང་མོ་བྱོན་བྱུང་བ་དང་། ཁྱོད་རང་རྩ་གསལ་བས་འཕྲད་པ་ཡིན། ཉེས་སྐྱོན་གཏན་མེད་ཅེས་ཀྱང་གསུང་བར་གྲགས་པ་དང་། གཞན་ཡང་སྔགས་འཆང་བླ་མ་འདིས་སྒོ་རུམ་ཡེ་ཤེས་མགོན་པོ་བཞུགས་པའི་དྲུང་དུ་ཤཱ་ས་ན་འབུམ་ཕྲག་བཞི་དང་། གཞན་ཡང་ས་ཕྱོགས་གཞན་དུ་ཡི་གེ་བདུན་མ་བྱེ་བསྙེན་ཐང་གཉིས་ཙམ་མཛད་པར་བརྟེན། གཞི་