[A:༢༥༡བ]ཐོག་གི་མཁའ་སྤྱོད་དུ་བཞུགས་པའི་སྐབས་ཤིག་གཟིགས་སྣང་ལ། གུར་གྱི་མགོན་པོའི་སྐུ་ཤིན་ཏུ་ཆེ་བ་ཞིག་རོ་གདན་དགུ་བརྩེགས་ཀྱི་སྟེང་ན་ཟ་འོག་གི་བེར་དགུ་བརྩེགས་གསོལ་ཏེ་འགྱིང་བའི་སྟབས་ཀྱིས་བཞུགས་པ། ཉི་མ་འབུམ་གྱི་གཟི་བརྗིད་འབར་བ་ཞིག་མངོན་སུམ་དུ་གཟིགས་པ་དང་། ཡང་དབེན་གནས་བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་སྔགས་འཆང་ཡབ་སྲས་སོགས་དཔོན་སློབ་ཉུང་ཤས་ཞིག་གིས་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་མཛད་པ་ན། ཀྱེ་བོས་སོའི་བསྐུལ་ཚུགས་པའི་ཚེ་ཕྱག་གཡོག་ལས་དག་པ་གཉིས་ཀྱི་མཐོང་སྣང་ལ། བྱས་འགྱུར་གྱི་བླ་བྲང་ནུབ་ཀྱི་ནམ་མཁར་མི་ནག་དུང་ལོང་ཅན་གཉིས་གྲོས་བྱེད་པའི་ཚུལ་གྱིས། ངེད་རང་ཚོ་ཐོག་མར་རིན་སྤུངས་ལ་ཕྱིན། དེ་ནས་ལྷ་ས་རྫོང་ལ་ཕྱིན་པ་དྲག་པ་འདུག་ཟེར་བ་མངོན་སུམ་དུ་མཐོང་ཞིང་། གཞན་ཡང་དུར་ཁྲོད་བདག་པོ་དང་། ལས་མཁན་པུ་ཏྲ་ཆེན་པོ་རྣམས་ཀྱང་ཡང་ཡང་ཞལ་གཟིགས་ཞིང་། མདོར་ན་ས་སྐྱ་པའི་བསྟན་སྲུང་ཐམས་ཅད་བྲན་བཞིན་དུ་འཁོལ་ནུས་པའི་སྟོབས་ཀྱིས་བསྟན་དགྲ་ཐམས་ཅད་གཏན་རླག་ཏུ་སོང་བ་ཀུན་གྱིས་མངོན་སུམ་དུ་མཐོང་བ་འདི་ཡིན་ལ། གཞན་ཡང་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཡི་དམ་གྱི་ལྷའི་གཟུངས་སྔགས་བྱེ་བསྙེན་མཛད་པའི་རིམ་པ་ཡང་ཀཱི་ལ་ཡ། གཤེད་དམར། མཧཱ་ཀཱ་ལ། ཨ་མ་ར་ཎི། འཇིགས་བྱེད། ཨོཾ་གསུམ། མ་ཎི། ཨ་ར་པ་ཙ་ན། ཁྱུང་ཁྲ་སྟེ་འདི་རྣམས་ལ་གསུང་བཟླས་བྱེ་བ་མཐར་ཕྱིན་པ་མཛད་པར་ངེས་ཏེ། སྔགས་འཆང་ཉིད་ཀྱི་ཕྱག་དྲེག་འབྱར་བའི་དེབ་ཆུང་ཞིག་ལས་སྔགས་འདི་རྣམས་ལ་ཨཾ་གི་སོགས་རྟགས་མང་དུ་མཛད་ནས། གདན་ཐོག་གཅིག་ཏུ་