[A:༢༦༩བ]འཛིན་པའི་སྦྱིན་བདག་ས་སྐྱོང་ཆེན་པོ་རྣམས་ལུགས་གཉིས་འཕྲིན་ལས་ཀྱི་སྒོ་ནས་བསྐྱང་ཚུལ་རྣམས་ལ་བསམས་ན་སྐུ་ཚེ་རིལ་པོ་དེ་ཁོ་ན་མཛད་པ་ལྟ་བུ། ཡང་བདེ་ཀྱེ་གསང་གསུམ། ཡང་ཕུར་ཆོས་སྐྱོང་ཆེ་ཆུང་། གཞན་ཡང་ཡི་དམ་ཞི་ཁྲོ་དུ་མ་དང་བཅས་པའི་སྒྲུབ་དཀྱིལ་དབང་རྗེས་གནང་སོགས་ཀྱི་ཡིག་ཆ་དང་། གསོལ་འདེབས་ཉམས་མགུར་ཞལ་གདམས་ཀྱི་ཚོགས་དུ་མ། རབ་གནས་སོགས་དང་། གཞན་ཡང་གདན་ས་ཆེན་པོའི་དུས་ཇ་དཀར་མེ་སྒྲུབ་མཆོད་རྣམས་དང་། དབྱར་ཆོས་དགུན་ཆོས། དུས་རིམ་ཆེ་ཆུང་སོགས་འཕྲལ་དང་ཡུན་གྱི་དགེ་རྒྱུན་གཏོང་དགོས་ཀྱི་དེབ་ཆེན། ཞལ་ངོ་ཆེ་འདོན་སོགས་དང་། བསྟན་པའི་རྣམ་གཞག་མཛད་ཚུལ་གྱི་དེབ་ཆེན། འབུལ་སྡུད་པའི་དེབ། གདན་ས་མཛོད་ཆེན་གྱི་དེབ་སོགས་དང་། གཙུག་ལག་ཁང་གི་དེབ་ཆེན། ཆོས་སྡེ་ཆེ་ཆུང་མང་པོའི་བཅའ་ཡིག་སོགས་བསྟན་པའི་རྒྱུན་ལ་ཕན་ངེས་པའི་གསུང་རབ་མཛད་པ་རྣམས་ལ་བསམས་ན་སྐུ་ཚེ་རིལ་པོར་བསྟན་བཅོས་རྩོམ་པ་ཁོ་ན་མཛད་པ་ལྟ་བུ་སོགས་མདོར་ན་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་ངོ་མཚར་བའི་རྣམ་ཐར་གྱི་མཛད་པའི་ཆ་གང་ལ་བསམས་ཀྱང་། སངས་རྒྱས་ཀྱི་མཛད་པ་ཁོ་ན་ལས་མ་འདས་པ་འདི་ནི་གྲུབ་མཐའ་ངན་པ་དང་ཡུལ་དུས་ཀྱིས་མ་བསྐལ་པའི་སྐྱེས་བུ་བློ་གཟུ་བོར་གནས་ཤིང་། རྣམ་དཔྱོད་དང་ལྡན་པ་ཀུན་ལ་རླུང་ལྟར་གྲགས་པ་ཡིན་ནོ། །དེ་ལྟར་སྔགས་འཆང་བླ་མ་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས་དགུང་ལོ་དགུ་བཞེས་པ་ནས་བརྩམས་ཏེ། དྲུག་ཅུ་རྩ་བརྒྱད་དུ་ཕེབས་པ་ཤིང་ཕོ་སྤྲེའུའི་ལོ་མ་ཤར་གྱི་བར་དུ་ཐབས་ལ་མཁས་པ་སྣ་ཚོགས་ཀྱི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་