[A:༢༧༠ན]པ་ཆེས་ཆེར་གསལ་བར་མཛད་པ་དེ་དག་ལ་ཐུགས་ཤིན་ཏུ་རངས་པར་གྱུར་ཅིང་། སྙིགས་མའི་དུས་ཀྱི་སྐྱེ་བོ་རྣམས་ཀྱི་སྤྱོད་ཚུལ་ངན་པ་རྣམས་ལ་གཟིགས་པས་ཐུགས་ཅུང་ཟད་གདུངས་པར་ཡང་གྱུར་ནས། ཞིང་ཁམས་གཞན་དུ་འབྱོན་པ་ལ་མངོན་དུ་ཕྱོགས་པར་གྱུར་ཏེ། དེའི་སྔ་ལྟས་སུ་ས་ཆེན་པོ་འདི་ཡང་གཡོ་བ་དང་། གདན་ས་ཆེན་པོའི་ཉེ་འཁོར་རྣམས་སུ་སྒྲ་ཆེན་པོ་ཡང་མང་དུ་གྲགས་པ་དང་། བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་། ཡོངས་གངས་ལྗོངས་དཔལ་ལྡན་ས་སྐྱ་ཡི། །བསྟན་འཛིན་བླ་མ་གཞན་དོན་དགོངས། །ཀྱེ་མ་ཀྱི་ཧུར་ཅི་རང་དྲག །མགོ་བོ་གསེར་སྲང་འབུམ་རི་བ། །དེ་ནི་མྱུར་དུ་འཇིག་ལ་ཉེ། །མཁའ་འགྲོའི་ཁྱོགས་ལ་བཏེག་ནས་སོང་། །ཁྱེད་ཟབ་ཡངས་མཐིལ་པས་མ་ཚོར་རམ། །ཞེས་སོགས་མྱ་ངན་གྱི་རྣམ་པ་མཛད་པ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་ཤིས་པའི་ལྟས་མང་དུ་བྱུང་བར་གྲགས་ཤིང་། གཞན་ཡང་བདག་ཉིད་ཆེན་པོ་འདི་སྤྱིར་ཕྲ་རགས་ཀྱི་མཛད་པ་གང་བསྒྲུབས་ཀྱང་ཐུགས་རྩོལ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ལ། དུས་དེར་ནི་སྔར་བས་ཀྱང་རྩོལ་བ་ཆེར་མཛད་ནས། ཞལ་གྱིས་བཞེས་པའི་གསུང་ཆོས་རྣམས་དང་གཙུག་ལག་ཁང་གི་ཞིག་གསོས། གསུང་རྩོམ་འཕྲོ་ཅན་སོགས་མ་གྲུབ་དོགས་པ་ལྟ་བུའི་སྒོ་ནས་ཤིན་ཏུ་མྱུར་བར་གྱིས་ཞེས་འཁོར་རྣམས་ལ་ཡང་བཀའ་སྩལ་པ་དང་། ལྷག་པར་བདག་ཉིད་ཆེན་པོ་རང་གི་གསུང་ལས། ནང་སོ་པུ་ཏྲ་ཁང་འདི་ཞིག་གསོས་མ་གྲུབ་ན། དེ་ངེད་ཀྱི་སེམས་ཀྱི་རེ་བའི་ལྷག་མར་ཡོད་ཅེས་གསུངས་པ་བཞིན། ལོ་དེ་ཉིད་ཀྱི་ཚེ་ནང་སོ་པུ་ཏྲ་ཁང་གི་ཞིག་གསོས་