[A:༢༧༠བ]དང་། པུ་ཏྲ་ཆེན་པོ་དངོས་སུ་གནས་པའི་ཟངས་ཆེན་ཁྲག་མཚོ་མ་བཀྲ་ཤིས་འོད་འབར་དུ་གྲགས་པ་འདི་ཉིད་ཀྱང་མགོན་ཁང་གི་ཤར་ནས་ནུབ་ཕྱོགས་སུ་སྤྱན་འདྲེན་མཛད་པའི་ཚེ་པུ་ཏྲ་ཉིད་ཟངས་ལ་དངོས་སུ་ཐིམ་པའི་གཟིགས་སྣང་བྱུང་བར་གྲགས་པ་སོགས་ངོ་མཚར་ཡ་མཚན་ཅན་མང་པོ་དང་བཅས་མགོན་ཁང་གི་ཞིག་གསོས་རྣམས་མཛད་དེ། དེ་ཕལ་ཆེར་གྲུབ་ནས་པུ་ཏྲ་ཆེན་པོ་ཉིད་ཀྱི་སྐུའི་སྐྱ་བཟོ་གྲུབ་མཚམས། དགེ་སྡིངས་ཕྱོགས་ལ་ཁོར་ཙམ་ཞིག་ཕེབས་པའི་དགོངས་གཏད་ཤར་བའི་ཚེ། དེའི་ནུབ་མོ་གཟིམས་ཆུང་ལྷུན་གྲུབ་ཕོ་བྲང་གི་གཟིམས་སྒོ་བརྡུངས་ནས་པུ་ཏྲ་ཉིད་དྲུང་དུ་བྱུང་སྟེ། ནང་སོའི་པུ་ཏྲའི་སྐུ་ལ་རྩི་ཚོན་རབ་གནས་སོགས་མི་མཛད་པར་འདི་ཁར་འཇོག་པ་ཡིན་ནམ་ཞེས་ཞུ་བ་ཞིག་བྱུང་བ་དང་། བདག་ཉིད་ཆེན་པོས་དགེ་སྡིངས་ལ་འགྲོ་བའི་སྔོན་ལ་ནང་སོའི་པུ་ཏྲ་ཁང་གི་རྩི་ཚོན་རབ་གནས་སོགས་མཐར་ཕྱིན་གྲུབ་པ་ལེགས་པ་འདུག་སྙམ་དུ་དགོངས་ཤིང་། སྐུ་འཁོར་རྣམས་ལ་ཡང་བཀའ་སྩལ་ཏེ་མྱུར་བར་གྲུབ་པར་མཛད་དེ། །དེ་ནས་སྔགས་འཆང་བླ་མ་ཡབ་སྲས་གསུམ་ཞབས་འབྲིང་པའི་ཚོགས་དུ་མ་དང་བཅས་ཏེ་དགེ་སྡིངས་སུ་ཕེབས། དེར་བདག་ཆེན་རྒྱ་དཀར་བའི་ཐུགས་དམ་ཕྱག་ནས་མའི་གུར་གྱི་མགོན་པོ་ལྕམ་དྲལ་ལས་མཁན་དང་བཅས་པ་དང་། ཞིང་སྐྱོང་ཆེན་པོའི་སྐུ་བྲམ་གཟུགས་རྣམས་ལ་ཉམས་གསོ་དང་། དགེ་སྡིངས་མཐིལ་དུ་མགོན་ཁང་གསར་བཞེངས་མཛད་ནས། དེར་ཆོས་སྐྱོང་ཆེ་ཆུང་གི་སྐུ་བརྙན་སོགས་བཞུགས་སུ་གསོལ་ཏེ་རབ་གནས་དང་མངའ་གསོལ་རྒྱས་པ་མཛད་ཅིང་། ཡུལ་ཁམས་དེར་ལོ་ཕྱུག་ལེགས་པའི་རྟེན་འབྲེལ་སོགས་དང་ཚེ་དབང་