[A:༢༧༦བ]རྒྱལ་ཚབ་ས་སྐྱ་པའི། །བསྟན་དང་བསྟན་འཛིན་དགོན་གནས་དང་བཅས་པ། །སྐྱེས་ཆེན་གང་གི་དྲིན་ལས་བྱུང་བའི་ཚུལ། །ཤེས་ནས་བྱས་ཤེས་དྲིན་གཟོ་བསྐྱེད་གྱུར་ཅིག །ལས་ངན་དབང་གིས་དུས་ཀྱི་མཐར་སྐྱེས་པའི། །རྨོངས་པ་བདག་དང་བདག་ལ་ལྟོས་བཅས་རྣམས། །འབྲེལ་ཚད་དོན་ལྡན་སྔགས་འཆང་ཡབ་སྲས་ཀྱིས། །འདི་ཕྱིའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཀྱང་ཤུགས་འབྱུང་དུ་གསོལ་བ་བཏབ་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རེ་ཞིག་གི་བར་དུ་སྐུ་གདུང་རིན་པོ་ཆེ་དེ་ཉིད་ལྷུན་གྲུབ་ཕོ་བྲང་དེ་ཉིད་དུ་མཆོད་རྟེན་གྱི་ཁང་བུ་བརྩེགས་པར་བཞུགས་སུ་གསོལ་ཞིང་། དེ་ནས་རྒྱུན་མི་རིང་བར་གདུང་སྲས་འཇམ་པའི་དབྱངས་སྐུ་མཆེད་ཀྱིས་སྔགས་འཆང་ཉིད་ཀྱི་དགོངས་པ་རྫོགས་ཐབས་སུ་ཉིད་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ངོ་མཚར་ཅན་ཐོག་ཚད་མ་ལ་ལམ་ཟབ་བླ་མ་བརྒྱུད་པས་བསྐོར་བ་དང་། ཁྱད་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་སྐུ་གདུང་བཞུགས་པའི་རྣམ་རྒྱལ་མཆོད་རྟེན་རྒྱུ་རིན་པོ་ཆེ་དངུལ་ལས་གྲུབ་ཅིང་བཟོ་ཁྱད་རྨད་དུ་བྱུང་བ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་ཕྲ་རྒྱན་གྱིས་སྤྲས་ཤིང་དཔངས་ཤིན་ཏུ་མཐོ་བ། མཐོང་ན་མི་མཐུན་པ་མེད་པ་དེ་ཉིད་གསར་བཞེངས་མཛད་དེ། སྐུ་གདུང་རིན་པོ་ཆེ་སྤྱན་དྲངས་ནས་དེར་བཞུགས་སུ་གསོལ་ཞིང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཤམ་སྟེ། གདུང་སྲས་འཇམ་པའི་དབྱངས་སྐུ་མཆེད་ཀྱིས་གཙོ་མཛད་རྡོ་རྗེ་འཛིན་པ་དུ་མས་རབ་ཏུ་གནས་པ་རྒྱས་པར་མཛད་པའི་ཚེ། སྤྱན་དབྱེའི་སྐབས་སུ་རྟེན་རྣམས་ལ་ཉི་མ་ཤར་ཞིང་། ནམ་མཁའ་ཤིན་ཏུ་དྭངས་པ་ལ་ལྷ་རྣམས་ཀྱིས་མེ་ཏོག་