[A:༢༩༡ན]གཟིགས་པ་ཙམ་གྱིས་ཕྱིན་ཅི་མ་ལོག་པར་དགོངས་ཤིང་། ཡིག་རིགས་ཀྱང་ཝར་དྷུ། ལཉྩ། རྒྱ་མཚོ་མཐའ་ཡིག་སོགས་རྒྱ་གར་གྱི་ཡིག་རིགས་དུ་མ་དང་། བོད་ཀྱི་ཡི་གེའི་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་ལ་བདག་ཉིད་ཆེན་པོ་འདིའི་ཕྱག་བྲིས་རྣམས་ལས་གཟུགས་མཛེས་ཤིང་བརྡ་དག་པ་ནི་ཡི་གེ་ལ་སྦྱངས་ཤིང་མཁས་པར་གྲགས་པའི་སྐྱེ་བོ་སུས་ཀྱང་བསྐྲུན་པར་ནུས་པ་མ་ཡིན་ལ། གཞན་ཡང་སྦྱང་ཚུལ་མ་བསྟན་ཀྱང་བཟོའི་རིག་བྱེད་ཕུལ་དུ་ཕྱིན་པ་མཁྱེན་པའི་ཚུལ་ནི། ཆོས་སྐྱོང་ཆེ་ཆུང་གི་སྐུ་བརྙན་སོགས་ཉིད་ཀྱི་ཕྱག་བྲིས་མཛད་པའི་བྲིས་ཐང་ངོ་མཚར་ཅན་རྣམས་མཐོང་བའི་ཚེ། དུས་ཕྱིས་དབུས་གཙང་གི་ལྷ་བཟོ་བ་མཁས་པར་གྲགས་པ་སུས་ཀྱང་འགྲན་ཟླ་དང་བྲལ་ཞིང་ཡོངས་ལ་གྲགས་པ་འདི་ཡིན་ལ། དེ་ལྟ་བུའི་ངོ་མཚར་བའི་ཡོན་ཏན་དུ་མ་དང་ལྡན་པའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པའི་ཆ་ཤས་འགའ་ཞིག་རང་གིས་བརྩམས་པའི་རྗེ་ཉིད་ཀྱི་གསོལ་འདེབས་དང་སྦྱར་ནས་བཤད་པར་བྱ་སྟེ། དེ་ཡང་གསོལ་འདེབས་ཀྱི་མཆོད་བརྗོད་ནི།རྒྱ་གར་སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་བཞག་པའི་ཕྱིར་རྒྱ་སྐད་དུ་སྨོས་པ་ཡིན་ཏེ། དེ་ཡང་ན་མོ་གུ་རུ་ཀཱིརྟི་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་ཡེ་ཞེས་པ་དེའི་དོན་ནི། ན་མོ་ཕྱག་འཚལ་བ། གུ་རུ་བླ་མ། ཀཱིརྟི་མ་ཏི་གྲགས་པ་བློ་གྲོས། དྷྭ་ཛ་རྒྱལ་མཚན། ཤྲཱི་དཔལ། བྷ་དྲ་བཟང་པོ། ཡེ་ཞེས་པ་གོང་གི་ཚིག་དང་འབྲེལ་བས་ཏེ། དེས་ན་བླ་མ་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ལྟར་མཆོད་པར་བརྗོད་ནས་གསོལ་འདེབས་དངོས་ཀྱི་དོན་བཤད་པ་ལ། དེ་ཡང་སྐྱེས་